འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།སི་ཁྲོན་དཀར་མཛེས་ཉག་ཆུའི་ནགས་ཚལ་མེ་སྐྱོན་ཁྲོད་གནས་སྐབས་མི་སྣ་ཤི་རྨས་བྱུང་མེད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་19ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཚེས་17ཉིན་གྱི་ཆུ་ཚོད་10པ་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དཔེ་རྩེ་གྲོང་ཚོར་ཐོན་པའི་ནགས་ཚལ་མེ་སྐྱོན་ཁྲོད་གནས་སྐབས་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་དང་མེ་སྐྱོན་ཐོན་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
     ཟླ་3ཚེས་15ཉིན་གྱི་ཆུ་ཚོད་17ལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དཔེ་རྩེ་གྲོང་ཚོར་ནགས་ཚལ་གྱི་མེ་སྐྱོན་ཐོན་ཞིང་། དེ་རྗེས་མེ་སྐྱོན་ཐོན་སར་གློ་བུར་དུ་ལྷགས་པ་ཇེ་ཆེར་སོང་སྟེ་མེ་མགྱོགས་མྱུར་ལྷོ་ངོས་ནས་བྱང་ངོས་ཀྱི་མེ་སྐྱོན་ཐོན་ཡུལ་3ལ་མཆེད་པ་རེད།
     མེ་སྐྱོན་ཐོན་ཡུལ་3གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2600ཡིན་པ་དང་། གཟར་ཚད་ཏུའུ་70ནས་80བར་ཡིན་པ་དེའི་ནང་མེ་སྐྱོན་ཐོན་ཁུལ་དང་པོ་དེ་ཉག་ཆུ་རྫོང་གྲོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། མེ་སྐྱོན་ཐོན་ཁུལ་གྱི་བྱང་ངོས་དང་ནུབ་ངོས་སོ་སོར་རྒྱུན་མཐུད་ཀྱི་མེ་ཐིག་རེ་ཡོད་པས་ནུབ་བྱང་ཕྱོགས་སུ་མཆེད་པ་དང་། མེ་སྐྱོན་ཐོན་ཡུལ་གཉིས་པ་དེ་བྱང་ཤོས་སུ་གནས་པ་དང་ཤར་ཕྱོགས་ཀྱི་མཁར་རིང་ཤང་ཐུང་མདའ་གྲོང་ཚོར་མཆེད་པ་དང་འབྲེལ་མུ་མཐུད་བྱང་ཤར་ཕྱོགས་སུ་མཆེད་དེ་མེ་སྐྱོན་མཆེད་ས་གཙོ་བོ་དེ་ཡིན་པ། མེ་སྐྱོན་ཐོན་ཡུལ་གསུམ་པ་དེ་ཉག་ཆུ་རྫོང་གྲོང་གི་ནུབ་བྱང་མཚམས་སུ་གནས་པ་དང་བསྟུད་མར་མེ་ཐིག་བརྒྱུད་མེ་མཆེད་ཡོད། མིག་སྔར་སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དཀར་མཛེས་ཉིང་ལག་རུ་ཁག་དང་། དམིགས་བསལ་ལས་སྒྲུབ་རུ་ཆེན། ས་གནས་ཀྱི་ཆེད་ལས་མེ་གསོད་རུ་ཁག་བཅས་ཁག་གསུམ་དུ་དབྱེ་ནས་མེ་སྐྱོན་ཐོན་ཁུལ་3སོ་སོར་མེ་གསོད་པར་བསྐྱོད་ཡོད། སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་རྔ་པ་ཉིང་ལག་རུ་ཁག་དང་། ཕན་ཀྲི་ཧྭ་ཉིང་ལག་རུ་ཁག ལེང་ཧྲན་ཉིང་ལག་རུ་ཁག་བཅས་ཀྱི་དཔུང་རོགས་སྟོབས་ཤུགས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཉག་ཆུར་མེ་གསོད་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད།
     གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། ཚེས་17ཉིན་གྱི་ཐོ་རེངས་ཀྱི་ཆུ་ཚོད་2པ་བར་ས་གནས་ས་ཐོག་ཏུ་མེ་གསོད་པར་ཡོང་མཁན་930ཟིན་པ་དང་། ལམ་བར་དུ་མི་775མང་དུ་བཏང་བ། མཁའ་ཐོག་ནས་མེ་གསོད་ལས་འགན་སྒྲུབ་མཁན་ཐད་འཕུར་གནམ་གྲུ་8ཡོད་པ་དེ་དག་ནུས་ཤུགས་ཡོད་རྒུས་མེ་སྐྱོན་ཐོན་ཡུལ་དུ་མེ་གསོད་པའི་ལས་ཀར་ཞུགས་ཡོད་པ་རེད།
     ཚེས་17ཉིན་གྱི་ཆུ་ཚོད་9པར། གསར་འགོད་པས་ཉག་ཆུ་རྫོང་གྲོང་གི་མང་ཚོགས་མང་པོ་ཞིག་གི་ས་ནས་ཤེས་རྟོགས་བྱས་པར། མིག་སྔར་རྫོང་གྲོང་དུ་གནས་པའི་མི་ཉག་ཐང་ཆེན་དུ་གུར་20ལྷག་ཙམ་བརྒྱབ་པ་དང་རྫོང་གྲོང་དུ་མེ་མཆེད་པའི་གནས་ཚུལ་མཐོང་རྒྱུ་མེད་ལ། ཆུ་དང་། གློག འཕྲིན་གཏོང་བཅས་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་ནས་འཚོ་བར་གནས་སྐབས་ཤུགས་རྐྱེན་ཐེབས་མེད།
     མེ་སྐྱོན་ཐོན་རྗེས་གསར་འགོད་པས་ཉག་ཆུ་རྫོང་གྲོང་གི་ལེང་ཧོ་ཁའུ་ཆུ་ཤུགས་གློག་ཁང་གི་འབྲེལ་ཡོད་འགན་འཁུར་བའི་ས་ནས་ཤེས་རྟོགས་བྱས་པར། མིག་སྔར་ལེང་ཧོ་ཁའུ་ཆུ་ཤུགས་གློག་ཁང་གི་འཕྲིན་གཏོང་རྒྱུན་གཏན་ལྟར་ཡིན་པ་དང་ཚེས་16ཉིན་གྱི་དགོང་མོ་མི་རྣམས་ཀུང་སིའི་སྔོན་ཇུས་ལྟར་ཕྱིར་འཐེན་བྱས་པས་མི་སྣ་ཤི་རྨས་བྱུང་མེད་པ་དང་གློག་ཁང་དང་སྒར་ས་ཚང་མར་ཤུགས་རྐྱེན་ཐེབས་མེད་པ་རེད།
     གཞན་ཡང་། གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཁྲིམས་སྒྱུར་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱས་པར། ཚན་པ་དེས་འབྲེལ་ཡོད་ཉིང་ལག་རུ་ཁག་དང་གཉེར་སྐྱོང་ཀུང་སིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་བཞིན་ཡོད། མིག་སྔའི་བར་གཡག་རྔ་ནས་དར་མདོ་བར་དང་། ཁྲེང་ཏུའུ་ནས་གཡག་རྔ་བར། གཡག་རྔ་ནས་ཤིས་ཁྲང་བར། གྲོང་སྐོར་སོགས་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་117གྱིས་ཉེན་སེལ་རོགས་སྐྱོབ་ཀྱི་ལྗང་མདོག་བགྲོད་ལམ་261བཏོད་དེ་འཕྲལ་སྡོམ་རོགས་སྐྱོབ་རླངས་འཁོར་ཤར་བགྲོད་ཐུབ་པར་བྱས་ཡོད།
     གཞན་ཡང་གསར་འགོད་པས་ཟླ་3ཚེས་16ཉིན་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་རྟོགས་བྱས་པར། སི་ཁྲོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་ཀྱི་བརྡ་ལན་རིམ་པ་བཞི་པ་ལག་ལེན་བསྟར་འགོ་བཙུགས་ཤིང་། མིག་སྔའི་བར་མེ་གསོད་ལས་དོན་པ་735དང་ཐད་འཕུར་གནམ་གྲུ་7དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་ཐོན་ཡུལ་དུ་མེ་གསོད་པར་བསྐྱོད་ཡོད།
     མེ་སྐྱོན་ཐོན་རྗེས། སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་མགྱོགས་མྱུར་འཕྲལ་སྡོམ་བརྡ་ལན་དང་ལེན་བྱས་ཏེ་འཕྲལ་མར་དཀར་མཛེས་དང་ཉག་ཆུ་རྫོང་དུ་བཀོད་འདོམས་བྱེད་པར་བསྐྱོད་དེ་ཐག་གཅོད་བྱེད་ཐབས་གྲོས་བསྡུར་དང་ཞིབ་འཇུག་གིས་བཟོས་པ་དང་ལས་དོན་ཚོགས་ཆུང་མེ་སྐྱོན་ཐོན་ཡུལ་དུ་བཀོད་འདོམས་ཐག་གཅོད་བྱེད་པར་མངགས་ཡོད། མིག་སྔར་མེ་སྐྱོན་ཐོན་ཡུལ་གྱི་མེ་གསོད་མཁན་ཕུད་ད་དུང་ལམ་བར་དུ་མི་427མང་དུ་བཏང་ཡོད།
     ཟླ་3ཚེས་15ཉིན་གྱི་ཆུ་ཚོད་17ཡོལ་ཙམ་ལ། དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་དཔེ་རྩེ་གྲོང་ཚོའི་ཉེ་འགྲམ་དུ་ནགས་ཚལ་གྱི་མེ་སྐྱོན་ཐོན་པ་དང་དེ་རྗེས་མེ་སྐྱོན་ཐོན་ཡུལ་དུ་ལྷགས་པ་ཆེན་པོ་བརྒྱབ་ནས་མེ་མཆེད་ཤུགས་ཆེ་རུ་ཕྱིན་ཡོད།