འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་18ཉིན།

༄༅།།དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་རི་ཀླུང་།

—— ཀན་སུའུ་ལྷོ་རྒྱུད་ཀྱི་དཔྱིད་རྨོད་ཐོན་སྐྱེད་ཀྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་18ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེང་པིན། ལང་པིན་པིན། ཞུས་ཧའོ་ཕུའུ།
    ལན་ཧའེ་མྱུར་བགྲོད་གཞུང་ལམ་བརྒྱུད་རླངས་འཁོར་བཏང་ནས་ལུང་ནན་གྱི་ས་གཞི་ཆེ་མོར་བསྐྱོད་སྐབས་སྒེའུ་ཁུང་ཕྱི་ནས་དཔྱིད་ཀྱི་རྣམ་པ་ཞིག་མངོན། སྔོ་ཐིང་ཐིང་གི་གྲོ་ཞིང་དང་། ཁྲ་ཆིལ་ཆིལ་གྱི་མེ་ཏོག སྔོ་ཐིང་ཐིང་གི་སྐྱུ་རུ་རའི་ལྡུམ་ར་བཅས་ཀྱིས་ཡུལ་ཀླུང་རབ་ཏུ་བརྒྱན།
    ལུང་ནན་ནི་ཀན་སུའུ་ཡི་དཔྱིད་ཀ་ཤར་སྔ་ཤོས་ཀྱི་ས་ཆ་ཞིག་ཡིན་ལ། ཀན་སུའུ་ཡི་དཔྱིད་རྨོད་ཐོན་སྐྱེད་འགོ་འཛུགས་སྔ་ཤོས་ཀྱི་ས་གནས་ཤིག་ཀྱང་ཡིན་པས། རི་ཀླུང་གང་ས་ནས་ཞིང་པས་རྨོ་འདེབས་ཀྱི་ལས་ལ་བྲེལ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད།
    ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་ཀྱི་སྐྱུ་རུ་ར་འདེབས་འཛུགས་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད་ལ། “ཀྲུང་གོའི་སྐྱུ་རུ་རའི་ཚི་སྣུམ་གྱི་ཕ་ཡུལ”ཞེས་བརྗོད་ཀྱི་ཡོད། མིག་སྔར་སྐྱུ་རུ་ར་འདེབས་འཛུགས་བྱེད་པའི་དུས་ཚིགས་ཡིན་པས། ཝུའུ་ཏུའུ་ཆུས་ཝེ་ནཱ་གྲོང་རྡལ་ཏའོ་ཝ་གྲོང་ཚོར་ས་གནས་སྲིད་གཞུང་གིས་གྲོང་མི་ཚོར་སྐྱུ་རུ་རའི་སོན་རླངས་འཁོར་གང་རིན་མི་དགོས་པར་སྤྲོད་སྐབས་སྐྱུ་རུ་རའི་སོན་རག་པའི་གྲོང་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།
    “འདི་ལོ་སྐྱུ་རུ་རའི་སྡོང་པོ་400བཙུགས་ཡོད། ད་ལོ་ང་ལོ་50ལ་སླེབས་སོང་། ལོ་ཁ་ཤས་རྗེས་ད་ལྟ་ནང་བཞིན་ལས་ཀ་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན་སྐྱུ་རུ་རའི་སྡོང་པོ་དེ་དག་ནི་ངའི་ཕྱིས་བྱུང་གི་འཚོ་བརྟེན་ཡིན”ཞེས་རུའུ་ཧུང་ཧྲན་གྱིས་བློ་རྩ་བརྟན་པོས་སོ་ནམ་བས་ལས་ཀ་གཞན་བྱེད་མི་ཐུབ་ཀྱང་རང་གི་ལག་གཉིས་ལ་བརྟེན་ནས་དཀའ་ལས་བརྒྱབ་ན་ས་ཞིང་ནས་ཐོན་འབབ་ཡག་པོ་ཡོང་རྒྱུ་ལོས་ཡིན་ཞེས་བརྗོད།
    ཝེ་ནཱ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུན་ཐོན་གྱིས། མིག་སྔར་ཝེ་ནཱ་གྲོང་རྡལ་གྱི་སྐྱུ་རུ་རའི་སོན་འདེབས་རྒྱ་ཁྱོན་མུའུ་ཁྲི་4ཙམ་ཟིན་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཙམ་ཟིན་གྱི་ཡོད་པས། དེ་ནི་མང་ཚོགས་ཀྱི་ཡོང་འབབ་གལ་ཆེན་ཞིག་ཡིན་ཞེས་ངོ་སྤྲོད་བྱས། དེ་དང་ཆབས་ཅིག གཞི་ཁྱོན་ཅན་གྱི་སྒོ་ནས་སྐྱུ་རུ་ར་འདེབས་འཛུགས་བྱས་པར་བརྟེན། ཝེ་ནཱ་གྲོང་རྡལ་པེ་ལུང་ཅང་གཙང་འགྲམ་ངོགས་གཉིས་ཀྱི་རི་བོ་སྔོ་ཐིང་ཐིང་དུ་གྱུར་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཕན་འབྲས་མངོན་འགྱུར་བྱུང་ཡོད།
    ཝུའུ་ཏུའུ་ཆུས་ཧྲི་མོན་གྲོང་རྡལ་ཚའོ་པཱ་ཙི་གྲོང་ཚོར་སྐྱོད་སྐབས། སྔོ་ཐིང་ཐིང་གི་གྲོ་ཞིང་དཔྱིད་རླུང་ཁྲོད་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན་ཐག་རིང་མགྲོན་པོར་བསུ་བ་ཞུ་བ་དང་མཚུངས། ཝུའུ་ཏུའུ་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཀའོ་ཡེས་ཝུའུ་ཏུའུ་ཆུས་ཀྱིས་དགུན་གྲོ་མུའུ་ཁྲི་7ཙམ་བཏབ་ཡོད། མིག་སྔར་དཔྱིད་ཀ་ཤར་བས་དགུན་གྲོ་སྔོ་ལོག་གི་དུས་ཚིགས་ཡག་ཤོས་ཡིན་པས་ཞིང་ལས་སྡེ་ཚན་གྱིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ། ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་པར་ཞིང་ནང་གཡོག་བྱེད་དང་སྲུང་སྐྱོང་ཐད་མཛུབ་ཁྲིད་བྱས་ནས་འབྲུ་རིགས་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།
    ཉེ་བའི་ལོ་ཤས་རིང་། ཀྲུང་ལུགས་སྨན་རྒྱུའི་རིན་གོང་འཕར་བ་དེས་སྨན་རྒྱུའི་ཁྲོམ་ར་དར་རྒྱས་འགྲོ་བར་སྐུལ་འདེད་ཐུབ་ཡོད། ས་གནས་ཁག་གི་ཚོང་ཤག་དང་འདེབས་འཛུགས་དུད་ཚང་གིས་སྔ་ས་ནས་མེ་ཁྲོན་གྲོང་རྡལ་གྱི་ཀྲུང་ལུགས་སྨན་རྒྱུའི་མྱུ་གུ་ཉོ་ཚོང་ཁྲོམ་རར་ཡོང་སྟེ་སྨན་རྒྱུ་ཉོས་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་གྲ་སྒྲིག་ལས་ལ་བྲེལ། གསར་འགོད་པར་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཱ་ཙེ་རྫོང་གི་ཚོང་ཤག་ཁྲེན་ཀ་ཨེར་འཕྲད་སྐབས། ཁོང་གིས་སྲལ་ལེན་གྱི་མྱུ་གུ་རྒྱ་མ་1000ཙམ་ཉོ་བཞིན་འདུག “རྨིན་རྫོང་གི་སོན་ཡག་པོ་ཡོད་ལ། གསོ་བདེ་བ་དང་ཡག་པོ་སྐྱེ་ཐུབ་ཀྱི་ཡོད། ངས་དེ་ནས་སོན་ཉོས་ནས་ལོ་ཁ་ཤས་ཕྱིན་སོང”ཞེས་བཤད།
    མེ་ཁྲོན་གྲོང་རྡལ་གྱི་ཀྲེན་ཀྲང་མའེ་ཝུན་ཀོང་གིས་མེ་ཁྲོན་གྲོང་རྡལ་ནི་རྨིན་རྫོང་གི་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་གྲོང་རྡལ་ཆེ་ཤོས་ཤིག་ཡིན། ཀྲུང་ལུགས་སྨན་རྒྱུ་དང་མྱུ་གུ་གསོ་ཚགས་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་1.2ཟིན་པ་དང་འདི་ལོ་མྱུ་གུ་ཐོན་ཚད་ཏུན་ཁྲི་600ལྷག་ཙམ་ཟིན་ནས་རྫོང་དེ་ཡོངས་ཀྱི་70%ཡན་གྱི་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་བྱེད་མཁན་གྱི་དགོས་མཁོ་སྐོང་རྒྱུ་དང་དུས་མཚུངས་ཉེ་འཁོར་གྱི་རྫོང་དུ་ཁྱབ་རྒྱུ་རེད་ཅེས་བརྗོད།
    རི་མཐོ་གཡང་གཟར་མང་བའི་ཀན་སུའུ་ལྷོ་རྒྱུད་ནི་དེ་སྔ་རྒྱལ་ཁབ་ཀྱི་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་རྫོང་ཞིག་རེད། ད་ཆ་དབུལ་སྒྲོལ་ཐུབ་པའི་རྫོང་ཁོངས་ཀྱི་གྲོང་གསེབ་ཏུ་ཞན་ཆ་ལེགས་ཆར་གྱུར་ཏེ་སྐྱུ་རུ་ར་དང་། གཡེར་མ། ཀྲུང་ལུགས་སྨན་རྒྱུ་སོགས་ཁྱད་ལྡན་རི་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་འབྲེལ། དཔྱིད་རྨོད་དཔྱིད་གྲབས་ཧུར་ཐག་བྱས་ཏེ་རེ་བའི་ཞིང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།