འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་17ཉིན།

༄༅།།ཞི་ཅིན་ཕིང་གིས་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་17ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་3ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལུའོ་ལུན་སུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་ཚོགས་བཞིན་པ།
ཟླ་3ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལུའོ་ལུན་སུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་ཚོགས་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨན་ཀོ་ལའི་ཙུང་ཐུང་ལུའོ་ལུན་སུའོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨན་གྱི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཀྲུང་ཨན་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་ཡོད། ཀྲུང་ཨན་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། ཀྲུང་ཨན་རྒྱལ་ཁབ་གཉིས་པོའི་མཉམ་ལས་ནི་ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་ཁོངས་སུ་གཏོགས་ལ། གྲོགས་པོ་ཡག་པོའི་དབར་གྱི་ཕན་ཚུན་རོགས་རམ་དང་། ཕན་ཚུན་གཉིས་ཕན། མཉམ་ལས་གཉིས་ཁེ་བཅས་རེད། མིག་སྔའི་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་ཕྱོགས་སྐབས་ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས། ཨན་ཀོ་ལས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་དེ་རང་གི་རྒྱལ་བབས་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་པ་བཅས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་ཨན་ཀོ་ལ་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་པོའི་འཐབ་ཇུས་འབྲེལ་བའི་ཆུ་ཚད་མཐོ་རུ་བཏང་སྟེ་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨན་མཉམ་ལས་ཀྱི་རྨང་གཞི་ཡག་པ་དང་། གཞི་ཁྱོན་ཆེ་བ། གསབ་རེས་རང་བཞིན་ཆེ་བ་བཅས་ཡོད་པས་གཉིས་ཕན་མཉམ་ལས་ལ་གཏིང་ཤུགས་དང་མདུན་ལམ་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་དུ་སྐྲུན་པར་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་དགོས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གཙོ་བོ་ལག་ལེན་ཡག་པོ་བསྟར་ནས་འཇོན་ནུས་ཆེ་བའི་ཀྲུང་གོའི་ཁེ་ལས་ཨན་ཀོ་ལར་བསྐྱོད་དེ་མཉམ་ལས་སྣ་ཚོགས་བྱ་རྒྱུར་རྒྱབ་སྐྱོར་གྱིས་ཨན་ཀོ་ལར་ཞིང་ལས་དེང་རབས་ཅན་དང་། བཟོ་ལས་ཅན། དཔལ་འབྱོར་སྣ་མང་ཅན་བཅས་མངོན་འགྱུར་ཡོང་བར་རོགས་འདེགས་བྱེད་འདོད་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་བདེ་འཇགས་འགན་ལེན་བྱེད་པའི་རེ་བ་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད། ཀྲུང་གོར་བདེ་འཇགས་དང་སྤུས་ལེགས་ཀྱི་ཨན་ཀོ་ལའི་ཐོན་རྫས་དེ་བས་མང་བ་འོས་སྦྱོར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨན་ཀོ་ལར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་སོགས་ཀྱི་རྣམ་གྲངས་མུ་མཐུད་ལག་ལེན་ཡག་པོ་བསྟར་ནས། ཨན་ཀོ་ལའི་ཕྱི་སྦྱོང་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མི་གྲངས་མཁོ་འདོན་བྱས་ཏེ་མི་ཆོས་རིག་གནས་སྤེལ་རེས་དང་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་ཡོངས་རང་བཞིན་གྱི་ཡར་ཐོན་འགྲོ་བཞིན་པའི་རྣམ་པ་ནི་འགོག་ཐབས་བྲལ་ཞིང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ངམ་ཡང་ན་འཕེལ་རྒྱས་དང་དར་རྒྱས་གང་ཞིག་ཡིན་རུང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེའི་ནང་མ་ཞུགས་ན་ག་ལ་འགྲིག ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་ལ་སྲུང་སྐྱོང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་གི་བློས་འགེལ་ཆོག་པའི་གྲོགས་པོ་དང་ལྷག་བསམ་ཟོལ་མེད་ཀྱི་རོགས་ཟླ་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་བྱེད་ཐབས་བརྒྱུད་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱེད་པར་གཞོལ་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ། ཨན་ཀོ་ལ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།
     ལུའོ་ལུན་སུའོ་ཡིས། ཀྲུང་གོར་འཚམས་འདྲིར་སླེབས་པ་དེ་མགྲོན་པོ་རང་ཁྱིམ་དུ་ལོག་པ་ལྟ་བུའི་ཚོར་སྣང་བྱུང་། ཨན་ཀྲུང་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ཡོད། ཨན་ཀོ་ལར་ནང་འཁྲུག་མཇུག་འགྲིལ་ནས་ཉམས་པ་ཀུན་གསོའི་དུས་ཡིན་ནའང་འདྲ། ཡང་ན་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་དཀའ་ཚེགས་ཆེ་བའི་དུས་གང་ཞིག་ཡིན་རུང་། ཀྲུང་གོ་ནི་ཨན་ཀོ་ལ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་སྔ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས་ཨན་ཀོ་ལ་ཕྱོགས་ཀྱིས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུང་གོས་རྒྱབ་སྐྱོར་དང་མཉམ་ལས་བྱས་པ་དེས་ཨན་ཀོ་ལའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེབས་ཆེན་པོ་ཐེབས་ཏེ་གཉིས་ཁེ་མཉམ་ལས་ཀྱི་དཔེ་མཚོན་ལྟ་བུ་རེད་ཅེས་བརྗོད་ཆོག ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཨན་ཀོ་ལར་མ་འཇོག་བྱས་ནས་ཨན་ཀོ་ལ་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་རོགས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཨན་ཀོ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཐའེ་དབན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། ཐའེ་དབན་གྱི་གནད་དོན་ངེས་པར་དུ་ཐག་གཅོད་ཡག་པོ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པར་གཞོལ་བར་ཨན་ཀོ་ལ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་རྩ་དོན་དང་དེ་བཞིན་རྒྱལ་ཁབ་ཁག་གི་བདག་དབང་དང་། རང་བཙན། ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་གལ་ཆེན་སྲུང་སྐྱོང་བྱེད་འདོད་ཡོད། གོང་ཚེས་ཉིན་ང་ཚོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཨན་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐད་ཀྱི་ཕྱོགས་གཉིས་པོའི་ཆོད་སེམས་གང་ལེགས་མངོན་ཡོད། ཨན་ཀོ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་བཟོ་སྒྲིག་དང་། དཔལ་འབྱོར་ཚོང་དོན། ཞིང་ལས། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ་རེད།
     ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)