འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་15ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཁག་དང་པོའི་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་11བཙུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་15ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་12ཉིན་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་མཚོ་སྔོན་ལྟ་འདོམས་ཅུས་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2024ལོའི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་མཉམ་དུ་འཚོགས་ནས། འཛུགས་ཐེངས་དང་པོའི་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་11གི་དངུལ་ཁང་འགན་བཅོལ་སྒྲིག་གཞིར་སྒོ་བྱང་བཀལ་ཏེ། དངུལ་རྩའི་ཁྱབ་ཁོངས་ཀྱི་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པར་མཉམ་དུ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་ཁྲོམ་ར་འཕེལ་རྒྱས་ཞི་མཐུན་སྐྱོན་བྲལ་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།
    དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ནི་དངུལ་རྩའི་ལས་དོན་ཁྲོད་ཀྱི་མི་དམངས་དང་ཉེ་ཤོས་དང་མི་དམངས་དང་འབྲེལ་བ་ཟབ་ཤོས་ཀྱི་ཁྱབ་ཁོངས་ཤིག་ཡིན། དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་འཛུགས་པ་ནི་གཞི་རིམ་གྱི་འདུམ་འགྲིག་གི་སྟོབས་ཤུགས་བསྡུ་སྒྲིལ་དང་། གཞི་རིམ་གྱི་ལས་ཀའི་རྨང་གཞི་བརྟན་གཏོང་། གཞི་རིམ་གྱི་འདུམ་འགྲིག་ལས་སྟེགས་འཐུས་ཚང་གཏོང་ཆེད་ཡིན་ཞིང་། འགལ་ཟླ་དང་རྩོད་གཞི་སེལ་བའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། ས་གནས་ས་ཐོག་ཏུ་མི་དམངས་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཀྱི་དོན་ལྡན་ཚོད་ལྟ་བྱས་ཚེ། དངུལ་རྩའི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་དང་སྤྱི་ཚོགས་དྲང་སྙོམས་དྲང་བདེན་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
    དངུལ་རྩའི་རྩོད་གཞི་འདུམ་འགྲིག་ཁང་གིས་དངུལ་རྩའི་སྒྲིག་གཞིའི་ལས་རིགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་པ་བརྒྱུད། ཁྲིམས་འཛིན་ལས་ཁུངས་ཀྱི་ཞབས་ཞུའི་འགན་ལེན་དང་འགན་ནུས་སྣུར་སྲིང་གིས་འདུམ་འགྲིག་བྱེད་སྟངས་ལ་བརྟེན་ཏེ་དངུལ་རྩའི་འགལ་ཟླ་དང་རྩོད་གཞི་ངོ་བོའི་རང་བཞིན་གྱི་སྒོ་ནས་སེལ་བར་སྐུལ་འདེད་གཏོང་བ་ཞིག་ཡིན་ལ། མཚོ་སྔོན་ཁྲིམས་ཁང་གིས་རང་སྟོབས་ཁྲིམས་འཛིན་ཐད་འཚོལ་ཞིབ་དང་གསར་གཏོད་བྱས་པ་ཞིག་ཀྱང་ཡིན་པས། མཚོ་སྔོན་གྱི་དངུལ་རྩའི་རིགས་ཀྱི་རྩོད་གཞི་སེལ་བའི་ལས་དོན་ལ་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད།
    འབྲེལ་ཡོད་སྡེ་ཚན་ཁག་གིས་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་དངུལ་རྩའི་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་ཕན་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། “རྒྱུན་འཁོར་ཧྲིལ་པོའི”མཉམ་འགུལ་མ་ལག་འཛུགས་པ། འགལ་ཟླ་སེལ་བའི“བཅད་ཁ་ཆུང་ངུར”དམིགས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཏན་ཏིག་སྒྲུབ་པ། དངུལ་རྩའི་རྩོད་གཞི་སྣ་མང་ཅན་གྱི་སྒོ་ནས་སེལ་བའི་ལས་དོན་མ་ལག་ཅན་དང་ཚད་ལྡན་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། དངུལ་རྩའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས། དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།