འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་14ཉིན།

༄༅།།ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་14ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་གཙོ་གནད་ལས་དོན་ལས་བགོས་ཇུས་གཞི》དང་། 《རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་ཆེར་གཏོང་གི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2030ལོ་བར)》 《ཚད་གཞི་མཐོར་གཏོང་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་ མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི》བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་བྱ་ཐབས་སྐོར་གྱི་སྙན་སེང་ཉན་པ། 《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2024ལོའི་གཙོ་གནད་ལས་དོན་ལས་བགོས་ཇུས་གཞི》དང་།《རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་ཆེར་གཏོང་གི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2030ལོ་བར)》《ཚད་གཞི་མཐོར་གཏོང་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་སྐོར་གྱི་ལས་དོན་ཇུས་གཞི》བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་བྱ་ཐབས་སྐོར་གྱི་སྙན་སེང་ཉན་པ། 《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
    ཚོགས་འདུའི་ཐོག་བསྟན་དོན། གྲོལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད། སྡེ་ཚན་ཁག་དང་ཚན་པ་ཁག་གིས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དེ“བྱ་བ་ཆེ་ཆུང་གང་ཡིན་པ་དེ་སྒྲུབ་སྐབས་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ནུས་སུ་ཏན་ཏིག་བསྒྱུར་ཏེ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་བཏང་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་དང་། ལག་བསྟར་བྱེད་ཐབས་ཞིབ་ཕྲ་བཟོས་ནས་གཙོ་གནད་ལས་དོན་ཁག་དང་སྡེ་ཚན་ཁག་གི་འགན་འཁྲི་ཞིབ་ཕྲའི་ལག་བསྟར་བྱ་ཐབས་དང་སྲིད་ཇུས་དང་བྱ་ཐབས་ཐོག་ཏུ་འཁྱོལ་བར་བྱེད་དགོས། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་སྣེ་ཁྲིད་བྱེད་མཁན་སྡེ་ཚན་གྱིས་རང་འགུལ་ངང་འབྲེལ་མཐུད་མཐུན་སྦྱོར་དང་ཐེ་ཞུགས་སྡེ་ཚན་གྱིས་གཞོགས་འདེགས་རྒྱབ་སྐྱོར་དམ་ཟབ་བྱས་ཏེ། ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུ་དང་མཉམ་ཤུགས་ཤིག་ཆགས་པའི་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱས་ནས་རྒྱུན་གཏན་གྱི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་ཡག་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་རེད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་ཆེར་གཏོང་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རིགས་དབྱེ་ཐོན་འཕར་གྱི་ལས་འགན་དང་ཁུལ་དབྱེ་ཐོན་འཕར་བཀོད་སྒྲིག་བྱེད་ཚུལ་དོན་འཁྱོལ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་བདག་སྐྱོང་དང་ས་བོན་ལས་རིགས་དར་རྒྱས་སོགས་འདེགས་སྐྱོར་རང་བཞིན་གྱི་འདུ་འགོད་གལ་ཆེན་ཇུས་འགོད་ལག་བསྟར་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། ཚད་གཞི་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་དེ་སྔར་བས་ལེགས་པའི་སྒོ་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་། ཐོན་ལས་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཚད་གཞིའི་ལམ་ལུགས་བཟོ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཁེ་ལས་དང་འཛད་སྤྱོད་པ་སོགས་འབྲེལ་ཡོད་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་པ། འཕྲལ་མཁོ་ཆེ་བ་སྔོན་ལ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། གནད་སྨིན་གཅིག་བྱུང་ན་དུས་ཐོག་ཏུ་དེ་འདོན་པ་བཅས་བྱེད་དགོས། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ལེ་ལག་ཚང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
   ཚོགས་འདུའི་ཐོག་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་བཅས་ལས་དོན་གྱི་གཙོ་གནད་དུ་བྱས་ནས་ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ མི་ཚོགས་སློབ་གསོ་བཅས་དབར་གྱི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། དེ་བས་དྲང་སྙོམས་དང་སྤུས་ཚད་དེ་བས་མཐོ་བའི་འོས་འགན་སློབ་གསོ་ཡག་པོ་གཉེར་དགོས། མི་འབོར་གྱི་འགྱུར་ལྡོག་དང་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་འཕེལ་རིམ་དང་བསྟུན་ནས། རྒྱང་ལྟའི་རང་བཞིན་ལྡན་པའི་སྒོ་ནས་འོས་འགན་སློབ་གསོའི་དགོས་མཁོའི་འགྱུར་ལྡོག་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ། ཐོན་ཁུངས་བཀོད་སྒྲིག་གི་བབ་བསྟུན་རང་བཞིན་དང་མཐུན་འཕྲོད་རང་བཞིན་ཆེ་རུ་གཏོང་བ་དང་། ནོར་སྲིད་རང་བཞིན་གྱི་འོས་འགན་སློབ་གསོའི་གྲོན་དངུལ་ཉམས་ཞན་ལྷུ་ཚིགས་ལ་སྤྱོད་ཤུགས་ཆེ་རུ་གཏོང་བ། འོས་འགན་སློབ་གསོའི་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བར་ཤུགས་རྒྱག་པ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།