འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་14ཉིན།

༄༅།།བོད་སྐྱོར་དགེ་རྒན་ཝུའུ་ཀྲི་ཡུང་གིས་བརྗོད་དོན།“དགེ་སློབ་ལ་བྱ་བ་དངོས་མང་ཙམ་སྒྲུབ་འདོད་ཡོད”

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་14ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཆུང་བདག་སྒྲོལ་དཀར།
    སློབ་འགོ་ཚུགས་དུས་ཀྱི་གཟའ་འཁོར་གཅིག་གི་གོང་དུ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོར་བོད་སྐྱོར་དགེ་རྒན་གསར་པ་ཁག་གཅིག་སླེབས་པ་དང་། སློབ་སྤྱི་ཝུའུ་ཀྲི་ཡུང་གིས་བདེ་འཇགས་གྲལ་བཤེར་དང་སློབ་ཚན་ལེགས་སྒྲིག་སོགས་སློབ་འགོ་མ་ཚུགས་གོང་གི་ལས་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་གསར་དུ་སླེབས་པའི་དགེ་རྒན་རྣམས་ཁྲིད་དེ་གནས་ཚུལ་ངོ་སྤྲོད་བྱས།
    “རང་ཉིད་ནི་བོད་སྐྱོར་དགེ་རྒན་ཞིག་ཡིན་པས་ཁོར་ཡུག་གསར་པ་དང་ཇི་ལྟར་གོམས་འདྲིས་བྱེད་པ་དང་ལས་ཀ་ཇི་ལྟར་བྱེད་དགོས་པའི་ཐད་ང་ལ་རྒྱུས་མངའ་ཆེན་པོ་ཡོད” 2022ལོའི་ཟླ་5པར་ཝུའུ་ཀྲི་ཡུང་གིས་རང་འགུལ་ངང་བོད་སྐྱོར་རེ་ཞུ་བྱས། བོད་ལ་མ་ཡོང་གོང་དུ་ཁོང་གིས་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཏུང་ཐའེ་གྲོང་ཁྱེར་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་གཞོན་པའི་འགན་བཞེས་ཀྱི་ཡོད་པ་དང་། དུས་ཡུན་རིང་པོའི་ནང་རྩིས་རིག་སློབ་ཁྲིད་ཀྱི་ཕྱག་ལས་གནང་ཞིང་། ཁོང་ནི་ཅང་སུའུ་ཞིང་ཆེན་གྱི“333”མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཡུལ་དང་ཡན་ཁྲེང་གྲོང་ཁྱེར་གྱི་ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན་ཞིག་རེད། སློབ་གྲྭའི་ཕྱི་ཕྱོགས་རོགས་སྐྱོར་ལས་དོན་ལ་དོ་དམ་བྱེད་པའི་དབང་གིས་རྒྱུན་དུ་ཁོང་གི་རྣ་བར་བོད་སྐྱོར་ལས་རོགས་ཚོའི་གཏམ་རྒྱུད་མང་པོ་ཐོས་ཀྱི་ཡོད།
    ཧོང་ཧའེ་རྒྱ་མཚོའི་འགྲམ་ནས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་ལྷ་སར་སླེབས་སྐབས། ཝུའུ་ཀྲི་ཡུང་གིས་ས་མཐོའི་གསོ་རླུང་མི་འདང་བའི་ཁོར་ཡུག་ལ་སླེབས་མ་ཐག་ལམ་སེང་བཅར་འདྲི་དང་བརྟག་ཞིབ་བྱེད་འགོ་ཚུགས་ཏེ། སློབ་གྲྭའི་སྡེ་ཚན་ཁག་དང་ལོ་རིམ་ཁག་གི་གནས་ཚུལ་ལ་ཁྱོན་ཡོངས་དང་ཞིབ་ཚགས་ངང་ཤེས་རྟོགས་བྱས་པ་རེད། ཁོང་གིས། སློབ་གྲྭའི་དགེ་རྒན་ནས་རང་འགན་གཙང་སྒྲུབ་ཐུབ་ཀྱང་དགེ་རྒན་མང་ཆེ་བ་སྤྱི་ཡོངས་ནས་ལོ་ན་ཆུང་བ་དང་ཉམས་མྱོང་མི་འདང་བ་མ་ཟད། བརྒྱུད་རིམ་ཧྲིལ་པོའི་ཆེད་ལས་འཕེལ་རྒྱས་འཆར་འགོད་དང་གསོ་སྐྱོང་མ་ལག་མི་འདང་ལ་སློབ་གསོའི་འདུ་ཤེས་དང་། སློབ་ཁྲིད་བྱེད་སྟངས། གདེང་འཇོག་བྱེད་སྟངས་སོགས་བལྟོས་བཅས་ཀྱིས་རྙིང་ཙམ་ཡོད་པ་ཤེས་རྟོགས་ཐུབ་ཡོད།
    གནད་དོན་གསལ་པོ་ཤེས་ན་ལས་ཀའི་ཁ་ཕྱོཌ་གསལ་པོ་ཡོང་ཐུབ། ཝུའུ་ཀྲི་ཡུང་གིས“‘གཞན་རྟེན’ནི་གནས་སྐབས་ཤིག་དང‘རང་རྟེན’ནི་དུས་ཡུན་རིང་པོ་ཞིག་རེད། ང་ཚོས‘བརྒྱུད་རོགས་ཁྲིད་གསུམ’ཡག་པོ་བྱས་ནས་ཆེད་ལས་རྩལ་ནུས་ཡག་པོ་བསླབས་ཏེ་ས་གནས་དེ་གར་ཕུལ་བྱུང་གི་དགེ་རྒན་ཁག་གཅིག་གསོ་སྦྱོང་བྱེད་དགོས”ཞེས་བརྗོད།
    ཝུའུ་ཀྲི་ཡུང་གིས་བོད་སྐྱོར་དོ་དམ་ཚོགས་པའི་ཁོངས་མི་དང་སློབ་གྲྭའི་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ཏེ་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས་བྱ་ཐབས་རབ་དང་རིམ་པ་བཏོན་པ་སྟེ། སྣེ་ཁྲིད་དེ་སློབ་གྲྭའི་ན་གཞོན་དཔེ་ཀློག་འདུ་ཚོགས་པ་བཙུགས་ནས་ན་གཞོན་དགེ་རྒན་ལ་བསམ་བློ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རོགས་རམ་བྱས་པ་དང་། འབྲེལ་ཟམ་གྱི་ནུས་པ་བཏོན་ཏེ་སློབ་གྲྭའི་དགེ་སློབ་ཕྱིར་མཐོང་རྒྱ་ཆེ་རུ་གཏོང་བར་བསྐྱོད་རྒྱུར་ཆ་རྐྱེན་བསྐྲུན་ཞིང་། 2023ལོར་བོད་རིགས་སློབ་མ་130དང་དགེ་རྒན་40ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཅང་སུའུ་རུ་ཞིབ་སློབ་དང་གསོ་སྦྱོང་བྱེད་པར་བཏང་བ་དང་། ཅང་སུའུ་ཡི་རིགས་གཅིག་མཁས་ཅན་16བོད་དུ་འཆད་ཁྲིད་དང་སློབ་ཁྲིད་བྱེད་པར་གདན་དྲངས་པ་རེད།
    བྲེལ་འཚུབ་ཆེ་བའི་དོ་དམ་ལས་དོན་གྱི་འགན་ཁུར་བ་ཕུད། ཝུའུ་ཀྲི་ཡུང་གིས་རང་འགུལ་ངང་དམའ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ་ཞིག་ལ་རྩིས་རིག་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་དུས་རེར་ཁོང་གིས་དགེ་རྒན་གཉིས་གསུམ་ཙམ་དགེ་ཕྲུག་ལ་ཉར་བ་དང་། ཁོང་གིས“ངས་ཁོ་ཚོའི་སློབ་ཁྲིད་འཆར་གཞི་དང་སློབ་ཁྲིད་གྲ་སྒྲིག་ཡིག་ཆར་ལྟ་ཞིབ་དང་ཁོ་ཚོའི་སློབ་ཚན་ཉན་གང་ཐུབ་བྱས་ནས་སློབ་ཚན་གྲོལ་རྗེས་ཟུར་ཁྲིད་བྱེད་ཀྱི་ཡོད”ཅེས་བརྗོད། ཁོམ་པ་ཡོད་ཚེ་ཁོང་གིས་ད་དུང་ས་གནས་དེ་གའི་དགེ་རྒན་གྱི་རྩིས་རིག་སློབ་ཚན་ཉན་ནས་སློབ་ཚན་གྲོལ་རྗེས་སྤེལ་རེས་ཀྱང་བྱེད་ཀྱི་ཡོད།
    “སློབ་སྤྱི་ཝུའུ་ལགས། ཡང་ཁྱིམ་བདག་གིས་ཁྱེད་རང་འཚོལ་གྱི་འདུག”ཝུའུ་ཀྲི་ཡུང་གཞུང་ལས་ཁང་དུ་ལས་དོན་བྱེད་སྐབས་རྒྱུན་དུ་ཁྱིམ་བདག་གིས་ཁོང་ལ་འཚམས་འདྲི་བྱེད་པར་ཡོང་གི་ཡོད། དུས་ཚོད་ཡོད་ཕྱིན་ཁོང་གིས་འཕྲལ་མར་ལས་ཀ་བྱེད་མཚམས་བཞག་ནས་སྔོན་ལ་ཁྱིམ་བདག་ལ་སྣེ་ལེན་བྱེད་ཀྱི་ཡོད། “ཕྲུ་གུར་སློབ་གསོ་ཡག་པོ་དང་ལྟ་རྟོག་ཡག་པོ་བྱེད་དགོས་ན། ཁྱིམ་ཚང་དང་སློབ་གྲྭའི་དབར་མཉམ་ལས་དང་འབྲེལ་གཏུག་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། ང་ཚོའི་སློབ་གྲྭའི་ཁྱིམ་བདག་གིས་ཕྲུ་གུར་སློབ་གསོ་རྒྱག་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག ངས་དགེ་རྒན་གཞན་དག་ལ། གལ་ཏེ་ཁྱིམ་བདག་གིས་ང་འཚོལ་བར་ཡོང་ཚེ་ཚང་མ་ཡར་གཏོང་རོགས་ཞེས་ལབ་མྱོང” ཝུའུ་ཀྲི་ཡུང་གིས་ད་དུང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་སློབ་མ་གཉིས་དང་ཆ་སྒྲིག་རོགས་སྐྱོར་བྱས་པ་མ་ཟད། བོད་སྐྱོར་དགེ་རྒན་གཞན་དག་ལ་ཡང་དེ་ལྟར་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད།
   སློབ་གྲྭའི་དགེ་སློབ་ཚོའི་མིག་ནང་ཝུའུ་ཀྲི་ཡུང་ནི་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་མི་ཞིག་ཡིན་པ་དང་། ཁོང་གི་ལུས་ཐོག་ནས་ག་དུས་ཡིན་ཡང་བྲེལ་འཚུབ་ངང་ལས་ཀ་བྱེད་པའི་རྣམ་པ་ཞིག་མཐོང་རྒྱུ་ཡོད། ཁོང་གིས“ལོ་གསུམ་བོད་སྐྱོར་དུས་ཡུན་རིང་པོ་མེད་ཀྱང་། ངས་ཚད་ཡོད་ཀྱི་དུས་ཚོད་ནང་དགེ་སློབ་ཚོར་བྱ་བ་དངོས་མང་ཙམ་སྒྲུབ་འདོད་ཡོད”ཅེས་བརྗོད་ཀྱི་ཡོད།