འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།འབྲི་གཡག་14ཁ་བསླུས་རྒྱག་མཁན་ཞིག་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར། ཁ་བསླུས་བརྒྱབ་པའི་གྱོད་གཞི་ཞིག་ནག་ཆུ་ས་ཁུལ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་1བཟུང་འདུག
   2024ལོའི་ཟླ་3ཚེས་7ཉིན་གྱི་ཆུ་ཚོད་18ཡོལ་ཙམ་ལ། སེར་ཉི་ཁུལ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བུ་ཆེ་གེ་མོ་ཡི་གྱོད་གཞི་ཞིག་འབྱོར་དོན་དུ། “2023ལོའི་ཟླ་9པར། ཁོ་པས་སྐད་འཕྲིན་ཚོགས་པའི་ནང་འབྲི་གཡག་འཚོང་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། དུས་ཡུན་རིང་པོ་མ་སོང་བར། རྒྱུས་མངའ་མེད་པའི་སྐྱེས་པ་ཞིག་གིས་རང་འགུལ་ངང་རང་ཉིད་ཀྱི་སྐད་འཕྲིན་བསྣན་པ་དང་། རིན་གོང་སྒོར་5000གི་ཐོག་ནས་འབྲི་གཡག་14མངགས་ཉོ་བྱ་རྒྱུའི་གྲོས་ཐག་བཅད་པ་དང་། ཕྱོགས་གཉིས་པོས་ཉོ་ཚོང་གན་རྒྱ་བཞག་རྗེས། སྐྱེས་པ་དེས་འབྲི་གཡག་14ཁྲིད་ཕྱིན་པ་དང་། ད་ལྟའི་བར་དུ་སྐྱེས་པ་དེས་རྒྱུ་མཚན་སྣ་ཚོགས་ཀྱི་ཐོག་ནས་དངུལ་འགྱངས་ཆད་བྱས་ནས་ཁོ་པར་མགོ་སྐོར་བཏང་བས། ཉེས་དོན་ཉེན་རྟོག་རུ་ཆེན་ལ་བརྟག་དཔྱད་བྱ་རྒྱུའི་རེ་བ་བཏོན་པ་རེད།
    གྱོད་གཞི་དེ་དང་ལེན་བྱས་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། བརྟག་དཔྱད་བྱེད་འགོ་ཚུགས་པ་རེད། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་གནོད་འཚེ་ཕོག་མཁན་ནས་མཁོ་འདོན་བྱས་པའི་གླེང་མོལ་གྱི་ཟིན་ཐོ་དང་གན་རྒྱ་སོགས་འབྲེལ་ཡོད་དཔྱད་ཡིག་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། སྐྱེས་པ་དེའི་ཐོབ་ཐང་ཆ་འཕྲིན་དང་དེ་བཞིན་འབྲེལ་གཏུག་བྱེད་སྟངས་གཏན་འཁེལ་བྱས་པ་རེད། ཟླ་3ཚེས་8ཉིན་གྱི་ཆུ་ཚོད་12ཙམ་ལ་མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ཁ་པར་བརྒྱུད་དེ་སྐྱེས་པ་དེ་སེར་ཉི་ཁུལ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་འབོད་ནས་བརྟག་དཔྱད་དང་ལེན་བྱས་པ་རེད། འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལྷ་ཆེ་གེ་མོས་རང་ཉིད་ཀྱིས་འབྲི་གཡག་ཉོ་ཚོང་བྱས་པ་རྒྱུ་མཚན་དུ་བྱས་ནས། ཁ་བསླུས་བརྒྱབ་པའི་ནག་ཉེས་ངོས་ལེན་ཞུས་པ་རེད། ད་ཆ་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།