འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།འདི་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ལྕགས་ལམ་གྱིས། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་
གཏོང་ཚད་སྒོར་དུང་ཕྱུར་652 ཟིན་པ་དེ་དུས་མཚུངས་ལས་9.5%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་652ཟིན་པ་དེ་དུས་མཚུངས་ལས་9.5%འཕར་ཞིང་། ལྕགས་ལམ་འཛུགས་སྐྲུན་སྤུས་ཕན་གཉིས་འཕར་ཡོང་བར་སྐུལ་འདེད་བཏང་བས་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་སྟེ། ལྕགས་ལམ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གང་མགྱོགས་བསྐྲུན་ཐུབ་ཡོད།
    རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། འདི་ལོ་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཚོགས་པས་འཛུགས་སྐྲུན་ཐོན་ཁུངས་ལ་སྤྱི་འདོམས་ཚན་རིག་དང་མཐུན་པ་དང་། ཨར་སྐྲུན་སྒྲིག་འཛུགས་ལེགས་གཏོང་ལུགས་མཐུན། བདེ་འཇགས་ཀྱི་སྤུས་ཚད་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་པོས་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཤིས་ཨན་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་40ཡི་ལས་ཡུལ་138ཀྱིས་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་མུ་མཐུད་ཨར་སྐྲུན་བྱས་པ་དང་། རྣམ་གྲངས་གཞན་དག་དུས་ཆེན་ཚར་རྗེས་འཕྲལ་མར་ལས་ཐོན་བསྐྱར་ཚུགས་ཀྱིས་འགག་སྒྲོལ་གྱི་རྣམ་པ་ཞིག་འཕྲལ་དུ་ཆགས་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།
     ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཅང་ཅུན་ལྷ་ཁང་ནས་ནའོ་མའོ་མཚོ་བར་གྱི་ལྕགས་ལམ་ཤར་གཏོང་ལས་གཉེར་ཐུབ་པ་དང་། ཨན་ཧུའེ་ཞིང་ཆེན་ཁྲེ་ཀྲོའུ་ནས་ཧོང་ཧྲན་རི་བོ་བར་གྱི་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་ཚོད་ལྟ་སྙོམས་སྒྲིག་བྱས་པ། ཧྲང་ཧའེ་ནས་ཁྲུང་ཆིང་དང་། ཁྲེང་ཏུའུ་བར་གྱི་གཙང་འགྲམ་གྱི་མྱུར་བགྲོད་ལྕགས་ལམ་ཧོ་ཕེ་ནས་ཝུའུ་ཧན་བར་གྱི་ལམ་དུམ་དང་། ཀན་སུའུ་ཞིང་ཆེན་གྱི་ཕིང་ལེང་ནས་ཆིང་དབྱང་བར་གྱི་ལྕགས་ལམ། ཡུན་ནན་ཞིང་ཆེན་གྱི་ཝུན་ཧྲན་ནས་མོང་ཙེ་བར་གྱི་ལྕགས་ལམ་བཅས་འདིང་འགོ་ཚུགས་པ་དང་། ཧང་ཀྲོའུ་ནས་ཤུས་ཀྲོའུ་བར་གྱི་ལྕགས་ལམ་དང་། ཧྲང་ཧའེ་ནས་སུའུ་ཀྲོའུ་བར་དང་། དེ་ནས་ཧུའུ་ཀྲོའུ་བར་གྱི་ལྕགས་ལམ། ཀོང་ཀྲོའུ་ནས་ཀྲེན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ། ཧང་ཀྲོའུ་ནས་དབུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ད་ལྟ་སྐྲུན་བཞིན་པའི་གཙོ་གནད་རྣམ་གྲངས་ཀྱི་འགག་རྩའི་ལས་གྲྭར་འཕེལ་རིམ་གལ་ཆེན་བྱུང་ནས། ལོ་ཧྲིལ་པོའི་མ་འཇོག་ལས་འགན་ལེགས་སྒྲུབ་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ལམ་འཛུགས་སྐྲུན་ལ་མ་འཇོག་བྱེད་ཚད་ཚད་གཞི་མཐོ་པོས་འཁོར་རྒྱུག་ཐུབ་པ་དེས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། གོམ་སྟབས་རྗེས་མར། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་དང་འདེགས་སྐྱོར་བྱ་རྒྱུར་དམ་པོར་དམིགས་ནས་ལྕགས་ལམ་དྲ་བ་ཧྲིལ་པོའི་བྱེད་ནུས་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་མངོན་གསལ་དོད་པོར་བཞག་སྟེ། ལྕགས་ལམ་འཆར་འགོད་འཛུགས་སྐྲུན་སྤུས་ཕན་གཉིས་འཕར་ཡོང་བར་སྐུལ་འདེད་བཏང་ནས་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་ལེགས་ཕྱོགས་སུ་འཕེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།