འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་13ཉིན།

༄༅།།རང་རྒྱལ་གྱིས་འདི་ལོ་གཞུང་ལམ་གྱི་ཞབས་ཞུའི་ཁུལ་དུ་གློག་སྡོང་3000མང་དུ་གཏོང་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་13ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འགྲིམ་འགྲུལ་སྐྱེལ་འདྲེན་པུས་འདི་ལོ་གཞུང་ལམ་གྱི་ཞབས་ཞུའི་ཁུལ་དུ་གློག་སྡོང་3000དང་གློག་གསོག་རླངས་འཁོར་འཇོག་ས་5000མང་དུ་བཏང་ནས་ཞབས་ཞུའི་ཁུལ་དུ་གློག་ཧ་ཅང་མགྱོགས་པོ་གསོག་ཐུབ་པ་དང་ནུས་ཚད་ཆེ་བའི་གློག་གསོག་སྒྲིག་བཀོད་བསྐྲུན་པར་སྐུལ་མ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད་ཅེས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ཝང་ཀང་གིས་ངོ་སྤྲོད་བྱས།
    ཝང་ཀང་གིས། ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་གཞུང་ལམ་རྒྱུད་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། 2023ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་གློག་སྡོང་ཁྲི་2.1བསྐྲུན་ནས་མྱུར་བགྲོད་གཞུང་ལམ་རྒྱུད་དུ་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད་ཅེས་བརྗོད།
    མི་དེ་བས་མང་བས་ནུས་རྒྱུ་གསར་པའི་རླངས་འཁོར་བཏང་ནས་འགྲོ་སྐྱོད་བྱེད་པ་དང་ཆབས་ཅིག “མྱུར་བགྲོད་གཞུང་ལམ་དུ་གློག་གསོག་དཀའ་བ”དེ་ནུས་རྒྱུ་གསར་པའི་འཁོར་བདག་གིས་དོ་ཁུར་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དུ་ཉིན་རེར་ནུས་རྒྱུ་གསར་པའི་རླངས་འཁོར་སྐྱོད་ཚད་ཆ་སྙོམས་ཁྲི་593.92ཟིན་པ་དེས་རླངས་འཁོར་སྤྱི་ཡོངས་ཀྱི་ཉིན་རེའི་ཆ་སྙོམས་སྐྱོད་ཚད་ཀྱི་10.04%བཟུང་བ་བ་དང་2023ལོའི་དུས་མཚུངས་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།
    འདི་ལོ་ས་གནས་ཁག་གིས་འབྲེལ་ཡོད་ཁེ་ལས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་མུ་མཐུད་མཛུབ་ཁྲིད་བྱས་ཏེ། འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་དང་བཀོད་སྒྲིག་ལེགས་སུ་བཏང་ནས་གཞུང་ལམ་རྒྱུད་ཀྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་ཆབས་ཅིག དུས་ཆེན་དང་ངལ་གསོའི་རིང་ས་ཁུལ་མི་འདྲ་བ་དང་དུས་མཚམས་མི་འདྲ་བའི་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་ཀྱི་ཁྱད་ཆོས་ལ་གཞིགས་ནས་ས་གནས་ཁག་ལ་དམིགས་སའི་རང་བཞིན་གྱི་ཞབས་ཞུའི་འགན་ལེན་བྱ་ཐབས་མཁོ་འདོན་བྱ་རྒྱུར་མཛུབ་ཁྲིད་བྱེད་ཀྱི་ཡིན་ཞེས་ཝང་ཀང་གིས་བརྗོད།