འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་9ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

 ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་09ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་14ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་དང་། དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་གཏམ་བཤད་གསན་པར་ཕེབས་ཡོད་པ་རེད།
     ཨུ་ཡོན་ཉིང་ཅི་ཀྲེ་ཡིས་གཏམ་བཤད་གནང་སྐབས། འདས་ཟིན་པའི་ལོ་གཅིག་ནང་། རང་རྒྱལ་གྱི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་ཡོད། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འཕར་སྣོན་བརྟན་པོ་ཡོང་བར་ཕན་པའི་སྲིད་ཇུས་མང་ཙམ་འདོན་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་ཆགས་པར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ནང་མཁོ་རྒྱ་ཆེར་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་སྒོ་དབྱེ་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བའི་ཐད་ཡར་རྒྱས་བརྩོན་ལེན་ཧུར་ཐག་བྱེད་པ་བཅས་ཀྱི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཨུ་ཡོན་ཁྲེན་ཆུན་གྱིས་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། རང་རྒྱལ་ལ་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ནང་འཕེལ་རྒྱས་མྱུར་པོ་བྱུང་ཡོད། རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་མཐོར་གཏོང་ལ་སྔར་བས་སྐུལ་འདེད་གཏོང་བར་རྨང་གཞིའི་ཞིབ་འཇུག་གི་ཆོས་ཉིད་དང་མཐུན་པའི་ཞིབ་ཕྲའི་བྱ་ཐབས་བཟོས་ནས་རྨང་གཞིའི་ཞིབ་འཇུག་ལ“ལོ་བཅུའི་རིང་འབད་བརྩོན་བྱེད་པའི”ལམ་ལུགས་ཀྱི་ཁོར་ཡུག་གཏོད་དགོས། རང་མོས་འཚོལ་ཞིབ་ཅན་གྱི་རྨང་གཞིའི་ཞིབ་འཇུག་ལ་བར་མཐོངས་འདང་ངེས་འཇོག་པ་དང་། ཚན་ཞིབ་མི་སྣས་རིན་ཐང་ངོ་མ་ལྡན་པའི་ཚན་རིག་གི་གནད་དོན་ནམ་ཡང་ན་ལག་རྩལ་གྱི་དཀའ་གནད་འཚོལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། ཟབ་རྨོ་ཞིབ་ལས་དང་ཡུན་རིང་རྒྱུན་འཁྱོངས་བཅས་བྱས་ཏེ། ཚན་རིག་མཁས་ཅན་ལ་ཚན་རྩལ་གསར་གཏོད་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་བར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་དབྱི་ཀང་གིས་གཏམ་བཤད་གནང་སྐབས། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངུལ་རྩའི་སྲིད་ཇུས་དང་ནོར་སྲིད་སོགས་སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། དཔལ་འབྱོར་འཁོར་སྐྱོད་ཀྱི་འགག་རྩའི་ལྷུ་ཚིགས་ཁག་གཅིག་ལ་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་ཀྱང་སྤྱོད་དགོས། ནོར་སྲིད་ཀྱི་སྲིད་ཇུས་བར་མཐོངས་ཡག་པོ་སྤྱོད་པ་དང་། དངུལ་ལོར་གྱི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ངང་སྤྱོད་པ། སྤྱི་ཚོགས་ཀྱི་མ་རྩ་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་དང་མ་དངུལ་བསྡུ་རྒྱུག་དེ་སྔར་ལས་གལ་འགངས་ཆེ་བའི་གནས་བབ་ཐོག་འཇོག་པ། དངུལ་རྩའི་ཆུ་ཚད་མཐོ་བའི་སྒོ་དབྱེར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་དངུལ་རྩ་དང་དཔལ་འབྱོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཨུ་ཡོན་སེ་མཱ་ཧུང་གིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་དེང་རབས་ཅན་གྱི་ཐོན་ལས་མ་ལག་གིས་འདེགས་སྐྱོར་བྱེད་དགོས། ཐོན་ལས་ཀྱི་བར་མཐོངས་བཀོད་པ་ལེགས་སུ་གཏོང་བ་དང་། ཐོན་ལས་མཉམ་འདྲེས་ཅན་དང་ཚོགས་སྤྱི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པར་སྐུལ་ཁྲིད་བཅས་བྱས་ནས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་རྐང་འཛིན་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་ཆགས་པར་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཨུ་ཡོན་ཁྲེ་ཅུན་གྱིས་གཏམ་བཤད་གནང་སྐབས། འབྲི་ཆུའི་ཟུར་གསུམ་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་དོན་ཆེན་ཞིག་རེད། གཞི་གཅིག་ཅན་དང་སྤུས་ཚད་མཐོ་པོར་དམ་པོར་དམིགས་པ་དང་། ས་ཁོངས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་སྤྱི་འདོམས་བཀོད་སྒྲིག་བྱེད་པ། “སྐེ་བཙིར”གྱི་འགག་རྩའི་ལྟེ་བའི་ལག་རྩལ་གྱི་སྒྲིག་འཛུགས་མཉམ་འབྲེལ་འགག་སྒྲོལ་ལ་དམིགས་པ། ལེགས་ལྡན་ཐོན་ནུས་དང་། སྤུས་ལེགས་སྒྲིག་ཆས། སྤྱོད་གོ་ཆོད་པའི་ལག་རྩལ། ཚད་གཞི“ཕྱིར་སྐྱོད་པར”བཅས་ལ་སྐུལ་འདེད་གཏོང་བ། གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཨུ་ཡོན་ཝང་ལུའུ་ཡིས་ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གཏམ་བཤད་གནང་སྐབས། རྒྱུ་ཆ་གསར་པའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་དགོས། རྒྱུ་ཆ་གསར་པའི་རིགས་གཙོ་བོ་དང་གཙོ་གནད་ཐོན་ལས་འདུས་སྡོད་ཁུལ་ལ་ཁྱབ་པའི་ཚན་རྩལ་གསར་གཏོད་ཀྱི་བཀོད་པ་གང་མགྱོགས་བཏོད་ནས་སྣེ་འདྲེན་ཁེ་ལས་དང་འགོ་ཁྲིད་ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་གྱི་ནུས་ཆེའི་མཐུན་སྦྱོར་དང་གོང་འོག་མཉམ་ལས་དམ་ཟབ་བྱེད་པའི་ཐོན་ལས་ཚོགས་པ་བཙུགས་ནས་ཚན་རྩལ་དང་། དངུལ་རྩ། ཐོན་ལས་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་།
    ཤེས་ལྡན་མི་སྣ་དང་། ཐོན་ཁུངས། གྲངས་གཞི་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་དག་རྒྱུ་ཆ་གསར་པ་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་སུ་སྔར་བས་གཅིག་སྡུད་བྱེད་པར་འགན་ལེན་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཨུ་ཡོན་ཁུང་ཁྲང་ཧྲེང་གིས་གཏམ་བཤད་གནང་སྐབས། ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་འཕེལ་རིམ་དང་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། མདུན་གྲལ་ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པ་དང་། ཞིང་ལས་རྒྱུ་ཆ་དང་ཞིང་འཕྲུལ་དང་། ཞིང་ལས་ཐོན་སྐྱེད། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ལྷུ་ཚིགས་ཀྱི“སྦྲེལ་ཐག་རྣམ་པའི་མཉམ་འདྲེས”ལ་བརྟེན་ནས་ཞིང་ལས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་མ་རྩ་གསར་པ་གསོ་སྐྱོང་བྱེད་པར་བརྟེན་ནས་ཞིང་ལས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་སྐྲུན་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཨུ་ཡོན་ཞུས་ཞའོ་ལན་གྱིས་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། གྲངས་གཞི་ཅན་དེ་ལྟེ་བའི་སྒུལ་ཤུགས་སུ་བྱེད་པ་དང་། གསར་དར་ལག་རྩལ་དེ་མངོན་འགྱུར་བྱེད་ཐབས་སུ་བྱེད་པ། འཛད་སྤྱོད་པའི་དགོས་མཁོ་དེ་ལྟེ་བའི་སྟོན་ཕྱོགས་སུ་བྱེད་པ་བཅས་ཀྱི་འཛད་སྤྱོད་བྱེད་སྟངས་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། དགོས་མཁོའི་ཕྱོགས་ནས་འགོ་བཙུགས་ཏེ་འཛད་སྤྱོད་གསར་པའི་ཚོགས་སྤྱི་སྐྱེད་བསྲིང་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ནས་འགོ་བཙུགས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་འཛད་རྫས་དང་འཛད་སྤྱོད་བྱེད་སྟངས་མཁོ་འདོན་བྱེད་པ། འཛད་སྤྱོད་བྱེད་སྟངས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཨུ་ཡོན་ལན་ཧྲའོ་མིན་གྱིས། འབྲུ་རིགས་ཐོན་སྐྱེད་ནི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཡིན། ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་ཁེ་ཕན་གྱི་ཁ་གསབ་ལམ་སྲོལ་བཙུགས་ཏེ་ཀྲུང་དབྱང་གི་གཞུང་ཕྱོགས་རྒྱབ་སྐྱོར་སྲིད་ཇུས་དང་ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་ཁ་གསབ་སྲིད་ཇུས་ཟུང་འབྲེལ་བྱས་ནས། འབྲུ་རིགས་ཐོན་འབབ་ཆེ་བའི་ཞིང་ཆེན་དང་རྫོང་ཆེ་གྲས་ལ་བྱ་དགའ་སྤྲོད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁ་གསབ་ཚད་གཞི་གཏན་འཁེལ་ལུགས་མཐུན་བྱེད་པ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་འབྲུ་རིགས་འདེབས་པའི་ཧུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྲོམ་རའི་མཁོ་སྤྲོད་འདང་ངེས་འགན་ལེན་དང་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཨུ་ཡོན་ཀྲའོ་ཅིང་གིས་དགུ་གསུམ་རིག་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། དངུལ་རྩ་ནི་རྒྱུག་ཆུ་ཞིག་དང་འདྲ་བར་ཚན་རྩལ་གྱི་ས་བོན་ལ་འདྲེན་པ་དང་། གསར་གཏོད་ཀྱི་ས་རྒྱུ་བརླན་པར་བྱེད་པ། ཐོན་ལས་གསར་པའི་མྱུ་གུ་སྐྱེ་འཚར་ཡོང་བར་བྱེད་ཀྱི་ཡོད། ཚན་རྩལ་དང་དངུལ་རྩའི་མ་ལག་གང་མགྱོགས་འཛུགས་པ་དང་། ཚན་རྩལ་དང་དངུལ་རྩའི་ཆེད་སྤྱོད་མ་དངུལ་སྡེབ་སྒྲིག་བྱས་ནས་འཛུགས་པ། མ་རྩའི་ཁྲོམ་རའི་ནུས་པ་སྔར་ལས་ལེགས་པ་འདོན་པ། ཚན་རྩལ་དང་དངུལ་རྩའི་ཤེས་ལྡན་མི་སྣ་དང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་གང་མགྱོགས་བྱེད་པ། ཆ་འཕྲིན་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཆ་འཕྲིན་ཁ་གསལ་ཚད་དང་ལས་རིགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་རྩལ་རང་ཚུགས་རང་དར་ཡོང་བར་རམ་འདེགས་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཨུ་ཡོན་ཐའོ་ཀྲི་ཡིས་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་རིགས་ཁོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། སློབ་ཆེན་ནི་ན་གཞོན་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གཡུལ་ས་གལ་ཆེན་ཞིག་རེད། མཐོ་སློབ་ཀྱིས་རྨང་གཞིའི་རིག་ཚན་གྱི་དུས་ཡུན་རིང་བའི་འབྲེལ་མཐུད་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ནས། རྨང་གཞིའི་སློབ་གསོ་དང་མཐོ་རིམ་སློབ་གསོའི་འབྲེལ་མཐུད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ཚན་རིག་གི་གནད་དོན་དང་རྣམ་གྲངས་གལ་ཆེན་ཁྲིད་སྟོན་དུ་བྱེད་པ། གོམ་པ་རིམ་འགྲོས་རྣམ་པའི་ཚན་སློབ་མཉམ་འདྲེས་ཀྱི་མི་སྐྱོང་མ་ལག་འཛུགས་པ་བཅས་བྱས་ནས་རང་བརྟེན་ངང་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཨུ་ཡོན་ནན་ཚུན་ཧུའེ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། དམངས་གཉེར་ཁེ་ལས་ནི་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཁེ་ལས་རྒྱུན་རྣམ་ཅན་གྱི་རྒྱལ་ཁབ་ཀྱི་ཚན་རྩལ་འཐབ་ཇུས་ནང་ཞུགས་པའི་ཐབས་ཇུས་ལམ་སྲོལ་བཙུགས་ཏེ། དམངས་གཉེར་ཚན་རྩལ་ཁེ་ལས་ཚན་རྩལ་རྣམ་གྲངས་གལ་ཆེན་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་ནུས་པ་གལ་ཆེན་གང་ལེགས་འདོན་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དངོས་པོའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཨུ་ཡོན་མཱ་ཅན་ཐང་གིས་གཏམ་བཤད་གནང་སྐབས། ནུས་པ་ཤོར་བའི་རྒན་རྒོན་ལ་ནད་གཡོག་རྒྱུག་པའི་དགོས་མཁོ་སྔར་བས་སྐོང་བ་དེ་རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་ནང་ལམ་སེང་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ཐབས་ལམ་མང་པོར་བརྟེན་ནས་ཡུན་རིང་གི་ནད་གཡོག་རྒྱུག་མཁན་མང་དུ་བཏང་སྟེ། སྡེ་ཁུལ་གྱིས་ནུས་པ་ཤོར་བའི་རྒན་རྒོན་ལ་ལྟ་སྐྱོང་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ནུས་པ་ཤོར་བའི་རྒན་རྒོན་གྱི་རམ་འདེགས་ཡོ་བྱད་ཐོན་སྐྱེད་དང་བེད་སྤྱོད་བྱེད་པར་སྐུལ་ལྕག་གཏོང་བ། ཡུན་རིང་གི་ནད་གཡོག་འགན་བཅོལ་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཨུ་ཡོན་ཤ་ཅེས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་ནི་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་རེད། སྤུས་ལེགས་ཀུན་ཕན་གྱི་བུ་བཅོལ་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གཞུང་བཙུགས་བུ་བཅོལ་ཞབས་ཞུའི་སྒྲིག་གཞི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀུན་ཕན་བུ་བཅོལ་ཞབས་ཞུའི་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་གཏོང་བ། བུ་བཙའི་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱས་ནས་སྐྱེ་གསོའི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།
    ཚོགས་འདུ་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་གཡོད་གཡོད་ཀྱིས་གཙོ་སྐྱོང་གནང་བ་རེད།