འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་9ཉིན།

༄༅།།ཝང་ཧུའུ་ཉིང་དང་ཏིང་ཤུའེ་ཞང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་ཁག་གཅིག་གི་
གྲོས་ཞིབ་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་09ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ལ་ཞུགས་པ་རེད།
    ཚེས་7ཉིན་གྱི་ཕྱི་དྲོར། ཝང་ཧུའུ་ཉིང་ཐའེ་དབན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། འཐུས་མི་ཡན་ཁོ་དང་། ཁྲེན་ཡུང་ཏུང་། ཀྲོའུ་ཆི་སོགས་ཀྱི་གཏམ་བཤད་གསན་རྗེས། ཝང་ཧུའུ་ཉིང་གིས་འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐའེ་དབན་གྱི་ལས་དོན་ཐད་ཐའེ་དབན་མཚོ་འགག་གི་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་པས། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་རང་འགུལ་སྔར་བས་སྟངས་འཛིན་ཐུབ་ཡོད། དུས་རབས་གསར་པར་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་དང་། ཏང་ཀྲུང་དབྱང་གིས་ཐའེ་དབན་གྱི་ལས་དོན་ལ་གནང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་ཀྱིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་གྱི་བྱེད་སྤྱོད་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ངོགས་གཉིས་ཀྱི་མདུན་ལམ་དང་ལས་དབང་དེ་ངོགས་གཉིས་ཀྱི་ཀྲུང་གོ་བའི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས་པ་རེད།
    ཚེས་7ཉིན་གྱི་སྔ་དྲོར། ཏིང་ཤུའེ་ཞང་ཤང་ཀང་འཐུས་མི་ཚོགས་པ་དང་ཨའོ་མོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཤང་ཀང་དང་ཨའོ་མོན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཏིང་ཤུའེ་ཞང་གིས་འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་པ་བརྟན་པོ་སྤོས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཅིང་། ཤང་ཀང་འདི་ཉིད་ཟང་ཟིང་བཅོས་སྐྱོང་ནས་བཅོས་སྐྱོང་དར་རྒྱས་ཀྱི་ཕྱོགས་སུ་བརྟན་པོའི་ངང་བསྐྱོད་པ་དང་། ཤང་ཀང་དང་ཨའོ་མོན་གཉིས་འཕེལ་རྒྱས་བརྟན་པོ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཤང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་པས། རྦད་དེ་ལག་བསྟར་ཐུབ་པ་དང་། སྒྲུབ་ཐུབ་པ། མི་རྣམས་ཀྱི་ཁས་ལེན་ཐོབ་པ་བཅས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད། ཤང་ཀང་འཐུས་མི་ཚོགས་པར་ཏིང་ཤུའེ་ཞང་གིས། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་23པའི་ཁྲིམས་འཛུགས་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་ཞིག་ཡིན་པས། ལས་དོན་དེ་གང་མགྱོགས་ལེགས་སྒྲུབ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཤང་ཀང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། ཤང་ཀང་གིས་དམིགས་བསལ་གྱི་གནས་བབ་དང་ལེགས་ཆ་ཡུན་རིང་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་ཐོག་འགྲོ་འོང་མཉམ་ལས་བྱེད་རྒྱ་ཆེ་རུ་ཤུགས་ཆེན་གཏོང་བ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་པ་བཅས་བྱས་ཏེ། ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། ཨའོ་མོན་གྱི་འཐུས་མི་ཚོགས་པར་ཏིང་ཤུའེ་ཞང་གིས། འདི་ལོ་ནི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བའི་ལོ་ཞིག་ཡིན་པས་གོ་སྐབས་དེ་དང་བསྟུན་ནས་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཧེང་ཆིན་གཡོད་ཨའོ་ཡི་མཉམ་ལས་གཏིང་ཟབ་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། ཨའོ་མོན་གྱི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་འོས་འཚམ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཏིང་ཤུའེ་ཞང་གིས་ཤང་ཀང་དང་ཨའོ་མོན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཚང་མས་རང་འགན་གཙང་སྒྲུབ་ནན་ཏན་དང་། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།