འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་9ཉིན།

༄༅།།ཀན་སུའུ་ཞིང་ཆེན་གྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་ལ་ཨར་འདམ་ལམ་བསྐྲུན་ཚད་90%ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་09ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།2023ལོར་ཀན་སུའུ་ཡིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དེ་གྲོང་ཚོ་དང་དུད་ཚང་བར་ཁྱབ་པར་སྐུལ་འདེད་མགྱོགས་མྱུར་བཏང་ནས། ལོ་ཧྲིལ་པོར་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་ཁག་ལ་ཨར་འདམ་ལམ་སྤྱི་ལེ་ཁྲི་1.02བསྐྲུན་པ་དང་། རང་བྱུང་གྲོང་ཚོ་དང་ཚོགས་ཆུང་4000ལྷག་ཙམ་ལ་ཨར་འདམ་ལམ་བསྐྲུན་ཐུབ་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་ལ་ཨར་འདམ་ལམ་བསྐྲུན་ཚད་90%ཡན་ཟིན་ཡོད།
    ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ལོ་གསུམ་བསྟུད་མར་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་ལ་ཨར་འདམ་ལམ་བསྐྲུན་རྒྱུ་དེ་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ཀྱི་གསལ་ཐོའི་ནང་བཅུག་ཡོད། ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས《རང་བྱུང་གྲོང་ཚོར(ཚོགས་ཆུང)ཨར་འདམ་ལམ་བསྐྲུན་པའི་ལག་རྩལ་ཚད་གཞི》བཏོན་པ་དང《ཀན་སུའུ་ཞིང་ཆེན་གྱི་རང་བྱུང་གྲོང་ཚོར(ཚོགས་ཆུང)ཨར་འདམ་ལམ་བསྐྲུན་པའི་འཛུགས་སྐྲུན་དོ་དམ་བྱ་ཐབས》བཟོས་ཏེ་གྲོང་ཁྱེར་དང་རྫོང་ལ་དེ་མཚུངས་ཀྱི་ལག་རྩལ་ཚད་གཞི་ལག་བསྟར་ནན་པོ་བྱ་རྒྱུར་སྐུལ་མ་བཏང་བས་ལས་གྲྭའི་སྤུས་ཚད་རྩིས་སྤྲོད་རྩིས་ལེན་ཚད་ལོན་ཚད་100%ཟིན་ཡོད།
   ཀན་སུའུ་ཞིང་ཆེན་གྱིས་ལམ་བཟོ་བ་དང་ཆབས་ཅིག་ད་དུང་སྤྱི་ཕན་ལས་གནས་མང་དུ་བཏང་བ་དང་གུད་གསབ་ལས་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་རོགས་རམ་བྱས་པ་རེད། 2023ལོར་ཞིང་ཆེན་ཡོངས་ཀྱིས་གུད་གསབ་ལས་སྤྲོད་རྣམ་གྲངས་192ལག་ལེན་བསྟར་བ་དང་། མི་ཁྲི་1.1ལས་ཀར་བཅུག་པ། ངལ་ནུས་ཐོབ་ཆ་སྒོར་དུང་ཕྱུར་1.6ལྷག་ཙམ་སྤྲད་ཡོད། གཞུང་ལམ་བདག་སྐྱོང་ཐད། ཀན་སུའུ་ཡིས་བསྐྲུན་ཟིན་པའི་རང་བྱུང་གྲོང་ཚོ་དང་ཚོགས་ཆུང་གི་གཞུང་ལམ་གཅིག་གྱུར་ཐོག་ཁོངས་གཏོགས་ས་ཆའི་གྲོང་གསེབ་ལ་བདག་སྐྱོང་བྱ་རྒྱུར་རྩིས་སྤྲད་ནས། ཡོང་འབབ་དམའ་བའི་ཚོགས་སྤྱི་བདག་སྐྱོང་ལས་གནས་སུ་བཅུག་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ལམ་སྐྱོང་པ་ཁྲི་3.4ཡོད་པ་དང་མི་རེར་ལོ་རེར་འབབ་འཕར་སྒོར་9600རག་གི་ཡོད་པ་རེད།