འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་6ཉིན།

༄༅།།ལི་ཆང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གསུངས་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་06ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་ནང་། འདས་ཟིན་པའི་ལོ་གཅིག་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཡར་རྒྱས་གསར་པ་བྱུང་ནས་མི་དམངས་དམག་དཔུང་གིས་འགན་འཁྲི་དང་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། ལོ་གསར་པའི་ནང་། དམག་དཔུང་སྟོབས་ཆེར་གཏོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱས་པ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་པ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོར་བརྒྱབ་པ་བཅས་བྱས་ཡོད། དམག་སྦྱོང་དང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་གཅིག་གྱུར་གྱིས་སྐུལ་སྤེལ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་དམ་འཛིན་ལེགས་པོ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་བློ་རྩ་བརྟན་པོས་སྲུང་སྐྱོང་བཅས་བྱས་ཡོད། དེང་རབས་ཀྱི་དམག་དོན་བཅོས་སྐྱོང་མ་ལག་འཛུགས་སྐྱོང་དང་། དམག་དཔུང་འཛུགས་སྐྱོང་གི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ལག་བསྟར་དམ་འཛིན། རྒྱལ་སྲུང་འཕེལ་རྒྱས་ཀྱི་འདུ་འགོད་གལ་ཆེན་ལག་བསྟར་མགྱོགས་སུ་གཏོང་བ་བཅས་བྱས་ཡོད། གཞི་གཅིག་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཇེ་མཐོར་བཏང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་མ་ལག་དང་གནས་སྟངས་ལེགས་སུ་བཏང་བ། རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ཡོད། སྲིད་གཞུང་རིམ་པ་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། “གཉིས་བཀུར་”གྱི་ལས་དོན་གཏིང་ཟབ་སྤེལ་ནས་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་བཏང་ཡོད་ལུགས་བསྟན།