འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་3ཉིན།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པའི་ཐོག་ནན་བཤད་གནང་དོན།

༄༅།།རང་རྒྱལ་གྱི་ནུས་རྒྱུ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དྭངས་
གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་03ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་29ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ནུས་རྒྱུ་གསར་པའི་ལག་རྩལ་དང་རང་རྒྱལ་གྱི་ནུས་རྒྱུའི་བདེ་འཇགས་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ནུས་རྒྱུའི་བདེ་འཇགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ནུས་རྒྱུ་གཙང་མ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ལ་གྱུར་ཡོད། ང་ཚོས་བབ་བསྟུན་ལས་སྒྲུབ་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་དེ་བས་ཤུགས་ཆེའི་སྒོ་ནས་རང་རྒྱལ་གྱི་ནུས་རྒྱུ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི་ནུས་རྒྱུ་འགན་ལེན་བྱས་ནས་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ནུས་རྒྱུ་གསར་པའི་གློག་ཤུགས་མ་ལག་གི་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་ལིའུ་ཅི་ཀྲེན་གྱིས། གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས་ལས་དོན་གྱི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།
    ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ནུས་རྒྱུའི་མ་ལག་གསར་པ་གང་མགྱོགས་བསྐྲུན་པ་དང་ནུས་རྒྱུ་འགན་ལེན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱི་ནུས་རྒྱུ་འཕེལ་རྒྱས་ལ་དགོས་མཁོའི་གནོན་ཤུགས་ཧ་ཅང་ཆེ་བ་དང་། མཁོ་སྤྲོད་ཀྱི་ཚོད་འཛིན་ཅུང་མང་བ། ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་སོགས་ཀྱི་འགྲན་སློང་རབ་དང་རིམ་པ་སྔར་བཞིན་འཕྲད་བཞིན་ཡོད་པ་མཐོང་ཐུབ་པར་བྱེད་དགོས། འགྲན་སློང་དེ་དག་ལ་ཁ་གཏད་གཅོག་པར་ཐབས་ལམ་ནི་ནུས་རྒྱུ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་རེད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་ལ་རླུང་གློག་དང་འོད་ཤུགས་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བར་མངོན་མེད་སྟོབས་ཤུགས་ཆེན་པོ་ཡོད། རྒྱུན་མཐུད་འགག་སྒྲོལ་དང་གསོག་འཇོག་བྱས་པ་བརྒྱུད། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་ལག་རྩལ་མང་པོ་དང་སྒྲིག་ཆས་བཟོ་སྐྲུན་གྱི་ཆུ་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ནས་འཛམ་གླིང་ཐོག་གི་དྭངས་གཙང་གློག་ཤུགས་མཁོ་འདོན་མ་ལག་ཆེ་ཤོས་བསྐྲུན་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ལ་རྒྱལ་སྤྱིའི་ཁྲོམ་རའི་ཐོག་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པ། ནུས་རྒྱུ་གསར་པའི་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་ལྡན་པ། རང་རྒྱལ་འདི་ཉིད་འཛམ་གླིང་གི་ནུས་རྒྱུ་འཕེལ་རྒྱས་ཕྱོགས་སྒྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ལ་གྱུར་ཡོད།
    ཞི་ཅིན་ཕིང་གིས་གསུངས་དོན། ནུས་རྒྱུ་གསར་པ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། སྔོན་ལ་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་ཡག་པོ་བཅས་བྱས་ནས། ནུས་རྒྱུ་གསར་པ་དང་སྲོལ་རྒྱུན་ནུས་རྒྱུ་དང་། སྤྱི་ཡོངས་དང་ཆ་ཤས། སྲིད་གཞུང་དང་ཁྲོམ་ར། ནུས་རྒྱུ་གསར་སྤེལ་དང་གྲོན་ཆུང་བེད་སྤྱོད་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་དོ་སྣང་བྱས་ཏེ་ནུས་རྒྱུ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་གི་ནུས་རྒྱུའི་ཚན་རྩལ་གྱི་སྔོན་ཐོན་ལག་རྩལ་ལ་དམིགས་པ་དང་། ནུས་རྒྱུའི་འགག་རྩའི་ཁྱབ་ཁོངས་དང་དགོས་མཁོ་གལ་ཆེན་ལ་གཞིགས་པ། ལག་རྩལ་གྱི་ལམ་ཕྱོགས་ལུགས་མཐུན་གདམ་ག་བྱེད་པ། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་མཉམ་དུ་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱག་པ། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་རྒྱུའི་ལག་རྩལ་དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་ཐོན་ལས་དེ་དག་རང་རྒྱལ་གྱི་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པའི་འཕར་གཞི་གསར་པ་ཞིག་ཏུ་སྐྱེད་སྲིང་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། ནུས་རྒྱུ་ཕྱོགས་སྒྱུར་གྱི་དགོས་མཁོ་དང་འཚམ་པ་དང་། ནུས་རྒྱུ་གསར་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་སྔར་བས་ཡག་པོ་སྐྲུན་པ། གློག་དྲའི་རྨང་གཞིའི་སྒྲིག་བཀོད་རིག་ནུས་ཅན་གྱི་སྒྱུར་བཀོད་དང་རིག་ནུས་ཀྱི་གློག་དྲ་ཆུང་གྲས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གློག་དྲས་ནུས་རྒྱུ་གཙང་མ་བསྡུ་ལེན་དང་། བཀོད་སྒྲིག སྙོམས་སྒྲིག་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱའི་མ་ལག་གང་མགྱོགས་སྐྲུན་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གང་མགྱོགས་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ནུས་རྒྱུ་གསར་པའི་ཚན་རྩལ་གསར་གཏོད་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ནུས་རྒྱུ་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སུ་ཕྱོགས་སྒྱུར་བྱས་ནས་གཉིས་ཕན་གྱི་རྣམ་པ་གསར་པ་སྐྲུན་དགོས།