འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་1ཉིན།

༄༅།།མཚོ་སྔོན་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་
ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ལི་ཅེ་ཤང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་
འདྲི་གཅོད་དང་པོའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་01ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་2ཚེས་27ཉིན། ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་འདྲི་གཅོད་དང་པོའི་ཐོག་མཚོ་སྔོན་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ལི་ཅེ་ཤང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་ནས། ཞུ་སྦྱོར་ཕྱི་མ་ལི་ཅེ་ཤང་གིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་ཚེ་གང་བཙོན་འཇུག་དང་ཆབ་སྲིད་དབང་ཆ་ཚེ་གང་བཙན་འཕྲོག་དང་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་བའི་ཆད་པ་གཅོད་རྒྱུ་དང་འབྲེལ། ལི་ཅེ་ཤང་གིས་ལྐོག་རྔན་བླངས་པའི་རྒྱུ་དངོས་དང་དེ་བཞིན་དེ་ལས་བྱུང་བའི་སྐྱེད་འཕེལ་ཚང་མ་ཁྲིམས་ལྟར་བདའ་འདེད་བཏང་སྟེ་རྒྱལ་མཛོད་ནང་འཇུག་རྒྱུ་ཡིན་པ་རེད།
     ཞིབ་གཅོད་བྱས་ནས་ཤེས་རྟོགས་བྱུང་གསལ། 2004ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་ལི་ཅེ་ཤང་གིས་ནང་སོག་རང་སྐྱོང་ལྗོངས་ཐུའུ་མོ་ཐེ་ཡིའུ་ཆི་ཨུད་ཀྱི་ཧྲུའུ་ཅི་དང་། པའོ་ཐོའུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཐུའུ་མོ་ཐེ་ཡིའུ་ཆི་ཨུད་ཀྱི་ཧྲུའུ་ཅི། པའོ་ཐོའུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། ཐུང་ལིའོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། ཧུའུ་ཧོ་ཧའོ་ཐེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་གཞོན་པ། ལས་ཚབ་ཧྲི་ཀྲང་། ཧྲི་ཀྲང་བཅས། ནང་སོག་ཧོ་ལིན་ཀེར་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ཐུང་ལིའོ་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རིང་ལས་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་དང་གོ་གནས་ཀྱི་སྟབས་བདེའི་ཆ་རྐྱེན་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་པ་དང་། གོ་གནས་སྤོར་བ། ནོར་སྲིད་ཀྱི་ཁ་གསབ་ལེན་པ་སོགས་ལ་རོགས་རམ་བྱས་ནས། ཐད་ཀར་རམ་ཡང་ན་མི་གཞན་བརྒྱུད་དེ་ཁྲིམས་འགལ་ངང་ཁྱོན་མི་དམངས་ཤོག་སྒོར་ཁྲི་8823ལྷག་ཙམ་རི་བའི་རྒྱུ་ནོར་བླངས་ཡོད་པ་རེད།
     ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས། ཞུ་སྦྱོར་ཕྱི་མ་ལི་ཅེ་ཤང་གི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཚད་དུ་སླེབས་པ་མ་ཟད། ལྐོག་རྔན་བླངས་པ་ཧ་ཅང་འབོར་ཆེན་ཡིན་པས་ཁྲིམས་ལྟར་ཆད་པ་གཅོད་དགོས་པའི་ངོས་འཛིན་བྱས་པ་དང་། ཡིན་ན་ཡང་ལི་ཅེ་ཤང་གིས་རང་ཉིད་ཀྱི་ཉེས་པ་སྦ་གསང་མེད་པར་ངོས་ལེན་ཞུས་ནས། ལྟ་ཞིབ་ལས་ཁུངས་ཀྱིས་ད་དུང་རྩད་མ་ཆོད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ་དང་། ལྐོག་རྔན་བླངས་པའི་ཉེས་གསོག་བྱེད་སྤྱོད་ཁག་གཅིག་ལམ་ལྷོངས་མ་བྱུང་བ། རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། ལྐོག་རྔན་ཕྱིར་སྤྲད་དེ་བཙོགས་དངུལ་བཙོགས་དངོས་ཚང་མ་དེད་ལེན་བཅས་བྱུང་བས་ཁྲིམས་ལྟར་ཆད་པ་ཡང་དུ་གཅོད་ཆོག དེར་བརྟེན་ཁྲིམས་ཁང་གིས་གོང་གསལ་གྱི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།
     (དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)