འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་1ཉིན།

༄༅།།ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་01ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་2ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པི་ཨའོ་དང་སྐུ་ཟླ་ཧྥ་ཏི་མར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
ཟླ་2ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པི་ཨའོ་དང་སྐུ་ཟླ་ཧྥ་ཏི་མར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་དང་གྲོས་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་སུ་ཕན་འབྲས་ཆེ་བའི་མཉམ་ལས་བྱེད་པ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་མཐུན་སྦྱོར་དམ་ཟབ་བྱེད་པ། ཨའེ་པོ་ལ་རིམས་ནད་དང་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་དུས་ངལ་ཁྱད་བསད་བྱེད་པ། ཀྲུང་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་སི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ། ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ། བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་གི་ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་དང་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་ཁེ་ལས་སི་ར་ལ་ཨོང་དུ་མ་འཇོག་ལས་དར་ལ་སྐྱོད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ཨ་ཧྥེ་རི་ཁ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། སི་ར་ལ་ཨོང་ཕྱོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ནང་ཧུར་ཐག་ཞུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ལས་དབང་གཅིག་ཏུ་འབྲེལ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་འཛིན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་ཕན་ཚུན་རྒྱབ་སྐྱོར་དང་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་གྲོས་འགོར་རྒྱབ་སྐྱོར་དང་། ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་གྱི་འཆར་གཞིར་རམ་འདེགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཉམ་ལས་འཆར་གཞི་བཅས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་དམ་ཟབ་བྱས་ནས་ཀྲུང་གོའི་འཕེལ་རྒྱས་དང་། ཨ་ཧྥེ་རི་ཁའི་འཕེལ་རྒྱས། འཛམ་གླིང་གི་འཕེལ་རྒྱས་བཅས་སྔར་བས་ཟུང་འབྲེལ་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་བཏང་སྟེ་འཛམ་གླིང་འདི་ཉིད་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་སྟོང་ལྡན་པའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཚུད་པའི་ཨ་ཧྥེ་རི་ཁའི་གྲོགས་པོ་དང་མཉམ་དུ་འདི་ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཚོགས་འདུ་ཡག་པོ་འཚོགས་ནས་ཀྲུང་གོ་དང་སི་ར་ལ་ཨོང་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་དར་རྒྱས་གོང་འཕེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    པི་ཨའོ་ཡིས་ཀྲུང་གོ་ནི་སི་ར་ལ་ཨོང་གི་ཡིད་ཆེས་བྱ་ཡུལ་དང་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན་པས་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སི་ར་ལ་ཨོང་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་བཏང་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡིན། ཀྲུང་གོའི་ཉམས་མྱོང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་བློ་སྒོ་ཟབ་མོ་ཕྱེ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ། ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚོང་དོན། སློབ་གསོ། སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་སི་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་དང་སི་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཞིང་ལས། དཔལ་འབྱོར་འཕེལ་རྒྱས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་ཡོད།
    ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སི་ར་ལ་ཨོང་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
    གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་པི་ཨའོ་དང་སྐུ་ཟླ་ཧྥ་ཏི་མར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
    གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་བླངས་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་པི་ཨའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།
    ཉིན་དེའི་དགོང་མོར་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་པི་ཨའོ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།