འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་བརྟན་ཐོག་ཡར་འཕེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིང་མིན་གྱིས་ཚེས་26ཉིན་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འགོ་ཚུགས་པ་ནས་བཟུང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ན་ནིང་ལོ་མཇུག་ཏུ་སླེབས་སྐབས་རིམ་རྩིས་བརྒྱབ་ན་ཚོང་ཟོག་བཙོངས་འབོར་ཏུན་དུང་ཕྱུར་4.4ཟིན་པ་དང་ཚོང་འགྲིག་པའི་དངུལ་འབོར་སྒོར་དུང་ཕྱུར་249ཙམ་ཟིན་ཡོད་ཅེས་བརྗོད།
     རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རས་གློག་མཁོ་འདོན་ལས་རིགས་ཚད་བརྒལ་བྱེད་སར་གདམ་ག་བྱས་ནས། 2021ལོའི་ཟླ་7པ་ནས་བཟུང་དངོས་སུ་ཁྲོམ་ར་འགོ་ཚུགས་པ་དང་ཁ་ཆད་ལག་བསྟར་གྱི་དུས་འཁོར་གཉིས་བདེ་བླག་ངང་ལེགས་གྲུབ་བྱུང་ནས་སྔོན་དཔག་གི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱུང་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རར་ལོར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་51ཙམ་ཁྱབ་པ་དང་གཙོ་གནད་འབུད་གཏོང་ཚན་པ་2257བཅུག་ཡོད་པས། དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་བྱེད་ཚད་ཁྱབ་པའི་གོ་ལ་ཧྲིལ་པོའི་ཐཱན་ཁྲོམ་ཆེ་ཤོས་སུ་གྱུར་ཡོད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཉིན་དེ་རང་དུ་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུར་ཀྲའོ་དབྱིང་མིན་གྱིས་ངོ་སྤྲོད་བྱས་དོན། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་ར་འབྱེད་འགོ་ཚུགས་ནས་ལོ་གཉིས་དང་ལོ་ཕྱེད་སོང་རིང་སྤྱིའི་འཁོར་རྒྱུག་བརྟན་པོ་ཡོད་པ་དང་ལམ་ལུགས་ཉིན་རེ་བཞིན་ཚད་ལྡན་དང་འཐུས་སྒོ་ཚང་དུ་ཕྱིན་པ། ཁྲོམ་ར་རིམ་བཞིན་འཁྲུག་དུ་སོང་བ། ཐཱན་འབུད་གཏོང་གི་གྲངས་གཞིའི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ། ཐཱན་འབུད་གཏོང་དོ་དམ་བྱེད་ནུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། རིན་གོང་ཤེས་རྟོགས་ཀྱི་ལམ་སྲོལ་ནུས་པ་ཉིན་བཞིན་མངོན་པ་བཅས་བྱུང་ཡོད།
     ཀྲའོ་དབྱིང་མིན་གྱིས་ངོ་སྤྲོད་བྱས་དོན། 《ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་དོ་དམ་གནས་སྐབས་ལག་བསྟར་སྲོལ་ཡིག》ནང་གཏན་འབེབས་བྱས་དོན། རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་རའི་ནང་བཅུག་པའི་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལྗང་མདོག་ཐཱན་ཉུང་གི་གསར་གཏོད་སྒུལ་ཤུགས་སྔར་བས་འཕེལ་བར་བྱས་ནས། སྤྱི་ཚོགས་ཀྱི་ཕྱོགས་ཁག་ཐུན་མོང་ཐོག་ཐཱན་ཉུང་གཏོང་ནང་མཉམ་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད།
     (པ་ཕན་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)