འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་23ཉིན།

༄༅།།མཚོ་སྔོན་མཚོ་བྱང་གིས་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་23ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁོངས་ཀྱི་རྒྱལ་ལམ་315རྒྱུད་ཀྱི་རི་ལྡེབས་ཤིག་ཏུ་རླུང་གློག་འཕྲུལ་ཆས་གྲལ་བསྟར་བསྒྲིགས་ཡོད་པ་དེ་དག་གིས་ལྗང་མདོག་གློག་བཏང་ནས་ཐཱན་དང་བཙོག་འབུད་ཉུང་གཏོང་ལ་རམ་འདེགས་བྱེད་ཀྱི་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཀྲོའུ་ཡིས་རང་ངོས་ཀྱི་ནུས་རྒྱུའི་ཐོན་ཁུངས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་གཏོད་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དང་། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པ་གསར་སྤེལ་གྱི་ཁྱབ་འགྱེད་ཁུལ་དང་རྗེས་གྲབས་ཁུལ་གྱི་ངེས་གནས་ལ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་བྱས་ཐོག་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་པར་རམ་འདེགས་བྱས་པ་དང་སྐུལ་འདེད་བཏང་ཡོད་པ་རེད།
     མཚོ་བྱང་གིས་ཆུ་གློག་དང་མེ་གློག་སྤྱིར་ན་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་འཆར་འགོད་འཛུགས་སྐྲུན་བྱས་པའི་འོད་ཤུགས་གླིང་5དང་། རླུང་གློག་རྟེན་གཞི་3 གློག་དྲའི་སྦྲེལ་ཚུགས་2དང་དེ་བཞིན་ཕྱིར་གཏོང་ཐབས་ལམ་བཅས་ལ་བརྟེན་ནས་འོད་ཤུགས་དང་རླུང་གློག་ཐོན་ལས་གཞི་ཁྱོན་ཅན་གྱི་གསར་སྤེལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་སྦྲགས། ནུས་མང་གསབ་རེས་དང་ཆུ་འཐེན་ནུས་གསོག་སོགས་ཀྱི་རྣམ་གྲངས་ལའང་སྐུལ་སྤེལ་ཤུགས་ཆེན་བྱས་ནས། ཕྱོགས་བསྡུས་ནུས་རྒྱུ་མཁོ་སྤྲོད་ཀྱི་མ་ལག་རིམ་བཞིན་བཙུགས་པ་རེད།
     “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མའི་རྣམ་གྲངས་6ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་26བཏང་ནས། ཀྲོའུ་དེའི་རྫོང་བཞི་ཚང་མ་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཧྲིལ་པོའི་ཁང་སྟེང་དུ་ཤེལ་པང་བསྒར་བའི་འོད་ཤུགས་གསར་སྤེལ་ཚོད་ལྟའི་རྫོང་ཁོངས་སུ་བཅུག ནུས་རྒྱུ་གཙང་མའི་སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི་140ལྷག་ཙམ་དང་། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁག་གི་སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི་225.5ལྷག་ཙམ་འཆར་འགོད་འཛུགས་སྐྲུན་བྱེད་ཚད་ཆན་ཝ་ཁྲི་600ལྷག་ཙམ་བཅས་ཟིན་པ་དང་རིམ་རྩིས་བརྒྱབ་ན་ནུས་རྒྱུ་གསར་པའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་18.87བཏང་བ་རེད། གསར་འཕར་གློག་སྒྱུར་ཤོང་ཚད་ཧྥུའུ་ཨན་ཀྲའོ་129.38དང་གསར་འཕར་གློག་འདོན་སྐུད་ལམ་20དང་རིང་ཚད་སྤྱི་ལེ་570.86ཟིན་པ། གྲོང་ཚོ་དབུལ་པོ་51དང་ལྟེ་བའི་གྲོང་ཚོ་32ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་པ། གྲོང་ཚོ་81ལ་སྒུལ་ཤུགས་གློག་ཁྲིད་པ་བཅས་བྱས་ནས་མཚོ་བྱང་ཁྱོན་ཡོངས་ལ་གློག་དྲས་ཁྱབ་པར་བྱས་པ་རེད། ཡུལ་བབ་དང་བསྟུན་ནས་གློག་ནུས་ཚབ་བྱེད་དང་། དྲོད་གློག་མཉམ་གཏོང་། མཁའ་རླུང་ནུས་རྒྱུ་སོགས་དྭངས་གཙང་དྲོད་འདོན་ལག་རྩལ་ཁྱབ་སྤེལ་བཏང་སྟེ་ཞིང་འབྲོག་ཁུལ་དུ་ཉི་ནུས་དྲོད་ཁང་དང་གློག་དྲོད་ཉལ་ཁྲི་སོགས་དྭངས་གཙང་དྲོད་ལེན་རྣམ་གྲངས་ལག་བསྟར་བྱས་ནས། ཀྲོའུ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པ་རེད།
     (དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)