འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་23ཉིན།

༄༅།།ལོ་གསར་བཏང་མ་ཐག་ཁ་བ་བབས་ནས་རྨ་ཙོང་ལུང་གཞུང་གི་ས་གཞི་བརླན་པར་བྱས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་23ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པ་ཧུང་གྲོང་ཚོའི་ཝུའུ་ཧྲི་ལིན་ཚའེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་འདི་ལོ་ལོ་49ལ་སླེབས་པའི་ཧྲི་ལིན་ཚའེ་ཡིས་སྲིང་བལ་གྱི་སྟོད་གོས་གྱོན་ནས་ཡོ་བྱད་བླུགས་པའི་སྒམ་ཁ་འབྱེད་བཞིན་རྫོང་ཞིང་འཕྲུལ་ས་ཚིགས་ཀྱི་ལས་དོན་པ་དང་མཉམ་དུ་མཉམ་ལས་ཁང་གི་ཞིང་འཕྲུལ་བརྒྱ་ལྷག་ཙམ་གྱི་འཕྲུལ་སྣུམ་དང་། གཤེར་གནོན་སྣུམ། འཁྱགས་འགོག་གཤེར་ཁུའི་རུལ་བསླད་གནས་ཚུལ་བཅས་ལ་ཞིབ་བཤེར་བྱེད་འགོ་ཚུགས།
     “དཔྱིད་རྨོད་ཀྱི་དུས་སུ་གངས་བབས་ཚེ་ཞིང་འཕྲུལ་ལ་ཞིབ་བཤེར་དེ་བས་ནན་པོ་བྱེད་དགོས”སྟེང་འོག་ཚང་མར་བལྟ་བ་དང་ལྷུ་ལག་ཚང་མར་ཞིབ་བཤེར་ཉམས་གསོ་བྱེད་དགོས་ཀྱང་ཁོང་གི་ངོ་གདོང་ལས་ངལ་དུབ་ཀྱི་རྣམ་པ་སྤུ་ཙམ་ཡང་མཐོང་རྒྱུ་མི་འདུག “ང་ཚོར་ས་སློག་འཕྲུལ་ཆས་དང་། རྨོ་འདེབས་འཕྲུལ་ཆས། ལུད་རྒྱག་འཕྲུལ་ཆས་སོགས་གང་དགོས་ཡོད་པས། ཉིན་གཉིས་སོང་རྗེས་མུའུ་5000ལྷག་ཙམ་གྱི་ཞིང་འདེབས་སུ་སྤྱོད་ཆོག་པ་མ་ཟད། ད་དུང་རྫོང་ཞིང་འཕྲུལ་ས་ཚིགས་ཀྱི་ལས་དོན་པས་ལག་རྩལ་མཁོ་འདོན་ཡང་བྱ་རྒྱུ་རེད”
     ཞིང་འཕྲུལ་ཡོད་པས་ཞིང་ལས་དེ་བས་ལས་སླ་རུ་དང་སྟབས་བདེ་རུ་སོང་ཡོད། ལོ་གསར་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་དེང་བརྒལ་ཇུས་འགོད་བྱས་ནས་འབྲུ་སྣུམ་སྐྱེ་དངོས་འཕྲུལ་རྨོད་འཕྲུལ་འདེབས་ཀྱི་སྤུས་ཚད་དང་གཞི་ཁྱོན་ཆེན་པོས་ཞིང་ལས་སྐྱེ་དངོས་ཀྱི་མུའུ་རེའི་ཐོན་ཚད་མཐོར་གཏོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་བླང་བྱར་དམིགས་ཏེ། འཕྲུལ་རྨོད་འཕྲུལ་འདེབས་ཀྱི་ལས་ཀར་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཞིང་འཕྲུལ་ལག་རྩལ་པ་སྒྲིག་འཛུགས་ཀྱིས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་ཞིང་འཕྲུལ་ལ་ཞིབ་བཤེར་ཉམས་གསོ་དང་། སྙོམ་སྒྲིག་ཚོད་ལྟ། བདག་སྐྱོང་སོགས་ཀྱི་ལག་རྩལ་མཛུབ་ཁྲིད་ཞབས་ཞུའི་ལས་དོན་སྤེལ་ཏེ། ཞིང་ལས་འཕྲུལ་ཆས་ཀྱིས་ནུས་པ་ཆེ་ཤོས་དང་། མྱུར་ཚད་མགྱོགས་ཤོས། ལས་ཕྱོད་ཆེ་ཤོས་བཅས་ཀྱི་སྒོ་ནས་དཔྱིད་རྨོད་ཐོན་སྐྱེད་ལ་ཞབས་འདེགས་ཞུ་རྒྱུ་རེད།
     “མིག་སྔར་2024ལོར་ཀྲུང་དབྱང་གི་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་ཁག་དང་པོ་ཚང་མ་རྫོང་དུ་སྤྲད་པ་དང་འབྲེལ། དཔྱིད་རྨོད་ཐོན་སྐྱེད་ཀྱི་འཕྲལ་མཁོ་དང་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་པའི་འཕྲུལ་ཆས་ལ་ལེགས་གཏོང་ཁ་གསབ་དང་སྔོན་ལ་ཆོད་སྡོམ་བྱས་ནས། དཔྱིད་རྨོད་ཐོན་སྐྱེད་ལ་མཁོ་བའི་ཞིང་འཕྲུལ་འཕྲལ་མར་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བཀོད་སྒྲིག་བྱེད་པ་དང་དུས་མཚུངས། ང་ཚོས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་དཔྱིད་རྨོད་དཔྱིད་གྲབས་ཀྱི་ཞིང་འཕྲུལ་ཞབས་ཞུ་རུ་ཁག་བཙུགས་ནས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཞིང་འཕྲུལ་ཞིབ་བཤེར་ཉམས་གསོ་དང་། བདག་སྐྱོང་། སྙོམ་སྒྲིག་ཚོད་ལྟ་བཅས་བྱེད་པར་མཛུབ་ཁྲིད་བྱས་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ཞིང་འཕྲུལ་ཁྲི་4.3ལྷག་ཙམ་ལ་ཞིབ་བཤེར་ཉམས་གསོ་ཟིན་ནས་དཔྱིད་རྨོད་ཐོན་སྐྱེད་ལས་དོན་ནང་སྤྱོད་རྒྱུ་རེད”ཅེས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ཞིང་ལས་འཕྲུལ་ཆས་ཅན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་པའེ་ཡན་ཧྥང་གིས་ངོ་སྤྲོད་བྱས་པ་རེད།
     འདི་ལོ་ལོ་33ལ་སླེབས་པའི་ཧྲེན་ཧྲེང་ནི་མཉམ་ལས་ཁང་གི་ལག་རྩལ་སྣ་ཚོགས་བྱང་ཆུབ་པའི་ཞིང་པ་གསར་པ་ཞིག་ཡིན། “ལོ་གསར་གོང་རྫོང་གིས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ཞིང་འཕྲུལ་ཐོན་སྐྱེད་ལས་ཀའི་དགོས་མཁོར་གཞིགས་ནས། ང་ཚོར་ཆེད་མངགས་གསོ་སྦྱོང་བྱས་ཏེ་ཞིང་འཕྲུལ་ཡོ་བྱད་བདག་སྐྱོང་དང་ཞིབ་བཤེར་ཉམས་གསོ་དང་། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཀྱི་འབྲེལ་ཡོད་སྲིད་ཇུས། ཞིང་འཕྲུལ་གྱི་བདེ་འཇགས་ལས་སྒྲུབ་ཚད་གཞི་སོགས་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་། ཆེད་དོན་འཆད་ཁྲིད། གནད་དོན་ལ་ལན་རྒྱག་པ་བཅས་བྱས་ཡོད” འཆར་ཉེར་ཡོད་པའི་དཔྱིད་རྨོད་དུས་ཚིགས་ལས་ཞིང་པ་གསར་པ་དེར་རེ་སྒུག་གིས་ཁེངས་པ་དང་། “དེ་མ་ཚད་ཉེ་བའི་ལོ་གཉིས་ནང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་སྟབས་བདེ་བ་ལས་ཞིང་འཕྲུལ་ལམ་བུ་རྒྱ་ཆེར་ཕྱིན་ནས། ད་ཆ་འདྲུད་འཐེན་འཕྲུལ་འཁོར་ཡང་ཐག་རིང་ཤོས་ཀྱི་རི་ཁུལ་དུ་གཏོང་ཐུབ་པས་མི་གཉིས་གསུམ་ཙམ་གྱིས་ས་ཞིང་མུའུ་བཅུ་གྲངས་ཁ་ཤས་འདེབས་ཐུབ་ཀྱི་ཡོད”
     “གོམ་སྟབས་རྗེས་མར་ང་ཚོས་ད་དུང་འཕྲུལ་འཁོར་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ཞོག་ཁོག་དང་། ཙོང་། རྒྱ་སྲན་བཅས་ཆ་ཚང་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་བྱེད་པར་དམིགས་ནས་ཐོན་སྐྱེད་ཀྱི་ལག་རྩལ་གསར་པ་དང་བྱེད་སྟངས་གསར་པ་ཁག་གཅིག་ནང་འདྲེན་དང་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། ཉམས་གསོ་བདག་སྐྱོང་དང་། ལག་རྩལ་བེད་སྤྱོད། བདེ་འཇགས་བཀོལ་སྤྱོད་སོགས་ཀྱི་ཐད་ནས་ཞིང་འཕྲུལ་དུད་ཆེན་དང་ཞིང་འཕྲུལ་ལག་རྩལ་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན། དེ་དང་ཆབས་ཅིག་ཞིང་སྦོལ་དང་ས་ཁོད་སྙོམས་པའི་མཉམ་འབྲེལ་ལས་སྒྲུབ་འཕྲུལ་འཁོར་དང་། འཕྲུལ་འཁོར་གྱིས་འདེབས་འཛུགས། ལུད་རྒྱག་སྨན་གཏོར་དང་ཁེབས་གཡོགས་ཀྱི་མཉམ་འབྲེལ་ལས་སྒྲུབ་འཕྲུལ་ཆས་སོགས་ལག་རྩལ་གསར་པ་དང་འཕྲུལ་ཆས་གསར་པ་སྤྱོད་པ་དང་། ཞིང་འཕྲུལ་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཚན་རྩལ་ཞབས་ཞུ་དུད་ཚང་དུ་སྤེལ་བ་དང་འཕྲུལ་ཆས་ཡག་པོ་ཞིང་ནང་དུ་སྤྱད་དེ། ཞིང་འཕྲུལ་སྤུས་ལེགས་དང་། བདེ་འཇགས། ནུས་ཆེ་བཅས་ཀྱི་སྒོ་ནས་དཔྱིད་རྨོད་ཐོན་སྐྱེད་ལ་ཞབས་འདེགས་ཞུས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཆེད་སྲ་ཞིང་བརྟན་པའི་ཞིང་འཕྲུལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་ཀྱི་ཡིན”ཞེས་པའེ་ཡན་ཧྥང་གིས་བཤད།
     (མཚམས་གཅོད་ཀྱིས་བསྒྱུར། དམ་ཆོས་ཀྱིས་ཞུས)