འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་23ཉིན།

༄༅།།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་2024ལོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་བ།

——ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་23ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ།
     ཉེ་ཆར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས(IMF)2024ལོའི་ཀྲུང་གོའི་དཔལ་འབྱོར་དང་ཨེ་ཤེ་ཡའི་གསར་དར་དཔལ་འབྱོར་ལྡེ་གཞིའི་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་བ་རེད། དེ་དང་ཆབས་ཅིག་ཀྲུང་གོ་སོགས་དཔལ་འབྱོར་ལྡེ་གཞི་གཙོ་བོའི་འཕར་ཚད་ལ་ལྡེམ་ཤུགས་ལྡན་པའི་དབང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འདི་ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་དམིགས་ཚད་བརྒྱ་ཆའི་གྲངས་0.2ནས་3.1%བར་མཐོ་རུ་བཏང་བ་རེད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་བ་དེ་ཐོག་ནས་ན་ནིང་ཀྲུང་གོའི་དཔལ་འབྱོར་སྔོན་དཔག་ལས་མཐོ་བའི་འཕར་ཚད་ཀྱི་རྣམ་པ་རྒྱུན་འཁྱོངས་བྱུང་བ་དང་དེ་བཞིན་ཀྲུང་གོ་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་བཏོན་པ་ལས་ཐོན་པའི་སྣེ་ཁྲིད་ནུས་པ་མཚོན་ཡོད་ཅེས་བསྟན་ཡོད།
     2023ལོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ཡན་ཟིན་ནས་ལོ་གོང་མ་ལས་5.2%འཕར་ཏེ་ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་ཡིན་པ་རེད། འདི་ལོ་ཚུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། 2024ལོའི་ཟླ་དང་པོར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་བསྐྱར་འཕར་བྱུང་ནས་འགོ་ཚུགས་ལོའི་དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
     རྒྱལ་སྤྱིའི་དངུལ་ལོར་དང་དངུལ་རྩའི་མ་ལག་གི་ལྟེ་བའི་སྒྲིག་གཞི་ཡིན་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ནི་རྒྱལ་ཁབ་ཁག་གིས་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱེད་པའི་ལས་སྟེགས་གཙོ་བོ་ཞིག་རེད།
     རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས《འཛམ་གླིང་དཔལ་འབྱོར་ལ་རྒྱང་ལྟ》གསར་ཤོས་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་2024ལོར་སྔར་བས་འཕར་བཟོ་ཡོད་པ་དང་རྒྱུ་རྐྱེན་ཆེ་གྲས་འགའ་ཞིག་ནང་ཀྲུང་གོའི་དཔལ་འབྱོར་སླར་གསོའི་མྱུར་ཚད་མགྱོགས་པ་ཚུད་པ་བསྟན་ཡོད།
     ཀྲུང་གོའི་དཔལ་འབྱོར་འཕར་བར་དགའ་འོས་པའི་སྔོན་དཔག་བྱས་པ་དེས་ས་ཁུལ་གྱི་དཔལ་འབྱོར་འཕར་བའི་གདེང་ཚོད་འཕེལ་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལས་བརྒལ་བཟོ་ཡོད་པའི་དབང་གིས་འདི་ལོའི་ཨེ་ཤེ་ཡའི་གསར་དར་དཔལ་འབྱོར་ལྡེ་གཞིའི་དཔལ་འབྱོར་འཕར་ཚད་ཧྲིལ་པོ་5.2%ཟིན་རེ་ཡོད་པ་དེ་ན་ནིང་ཟླ་10པའི་སྔོན་དཔག་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་འགྲོ་རྒྱུ་རེད།
     རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཙམ་མ་ཟད། ཀའོ་ཧྲེང་དང་རུའེ་དབྱིན་སོགས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་ཀྱང་ཉེ་དུས་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་2024ལོར་ཀྲུང་གོའི་འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་རིམས་ནད་རྗེས་ཀྱི་སླར་གསོའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་བསྟན་ཡོད། དབྱིན་ཇིའི་དཔལ་འབྱོར་རིག་པ་མཁས་ཅན་གྱི་ཇུས་འདོན་ཚོགས་པ་སོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2024ལོར་ཀྲུང་གོའི་དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་སྔར་བས་བརྟན་དུ་འགྲོ་རྒྱུ་ཡིན་པ་རེད། ཨ་རིའི་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་སོགས་སྒྲིག་གཞིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་གློག་རྫས་དང་། གློག་རྡུལ་ཐོན་རྫས། གཏེར་ཁ་སོགས་ཕྱིར་གཏོང་ཤུགས་ཆེན་བྱས་ནས་ཐོན་ལས་མི་ཉུང་བ་ཞིག་གོ་ལ་ཧྲིལ་པོའི་འགྲན་ནུས་ཀྱི་མདུན་གྲལ་དུ་སླེབས་རྒྱུའི་ངོས་འཛིན་བྱས་ཡོད།
     འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཉིན་བཞིན་ཚོར་བཞིན་ཡོད།
     ཧྲེན་ཀྲེན་གྲུ་ཁའི་ཞའོ་མའོ་རྒྱལ་སྤྱིའི་ཟོག་འགྲེམས་གྲུ་ཁར་པི་ཡ་ཏི་རླངས་འཁོར“གསར་གཏོད་པ་ཨང་དང་པོ”གྲུ་གཟིངས་ནང་བླུགས་ཏེ་ཐོན་འགོ་ཚུགས་ཤིང་། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་5000ལྷག་ཙམ་བླུགས་ནས་ཧོ་ལན་གྱི་ཧྥུའུ་ལི་ཤིན་ཀེན་གྲུ་ཁ་དང་འཇར་མན་གྱི་པུ་ལའེ་མེ་ཧ་ཧྥེང་གྲུ་ཁར་བསྐྱོད།
     2023ལོར་ཀྲུང་གོ་གོ་ལ་ཧྲིལ་པོའི་རླངས་འཁོར་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ལ་ཐོག་མར་གྱུར་ཞིང་། གྲངས་གཞི་ལས་མངོན་པར། ཀྲུང་གོས་རླངས་འཁོར་3རེ་ཕྱིར་གཏོང་བྱས་པའི་ནང་1ནི་གློག་སྒུལ་རླངས་འཁོར་ཡིན་པ་རེད། ན་ནིང་ཀྲུང་གོས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ཀྱིས་མཚོན་པའི“རྣམ་པ་གསར་པ་གསུམ”གྱི་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་རྒྱལ་སྤྱིའི་ཐོབ་སྐལ་གྱི་མདུན་གྲལ་དུ་སླེབས་ཡོད། ཧན་གོའི《དེ་རིང་གི་དངུལ་ལོར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྩེར་སོན་ཐོན་རྫས་དེ“ཀྲུང་གོས་བཟོས་པའི”མཚོན་བྱེད་དུ་འགྱུར་འགོ་ཚུགས་ཡོད་ཅེས་འཁོད་ཡོད།
     ཤིན་ཅང་ཨ་ལ་ཧྲན་རི་བོའི་འགག་སྒོ་ནས་ཐོན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ནང་ཀྲུང་གོའི་ས་གནས་ཁག་གི་རྒྱུན་སྤྱོད་བརྒྱ་ཟོག་དང་། རླངས་འཁོར། ལྷུ་ལག འཕྲུལ་ཆས་སྒྲིག་ཆས་སོགས་བླུགས་ནས་ཡོ་རོབ་ཏུ་སྐྱོད་བཞིན་ཡོད།
     2023ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་ལོ་ཧྲིལ་པོར་ཐེངས་ཁྲི་1.7བཏང་བ་དང་ཚད་ལྡན་དོས་སྒམ་ཁྲི་190སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་6%དང་18%སོ་སོར་འཕར་ཡོད། རྒྱལ་སྤྱིའི་ཟོག་འགྲེམས་ཀྱི་སྐམ་སའི་སྐྱེལ་འདྲེན“བགྲོད་ལམ་ཡག་ཤོས”འདིས་ཀྲུང་གོ་དང་ཡོ་རོབ་ཀྱི་རྒྱལ་ཁབ་25ཡི་གྲོང་ཁྱེར་217གྱི་ཟོག་འགྲེམས་ཤར་བགྲོད་ཐུབ་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་གསོན་ཤུགས་ཟམ་མི་ཆད་པར་བསྣན་ཡོད།
     ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་སྟེང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་རྣམ་གྲངས་ཚང་མ་ཡོད་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན། “ཀྲུང་གོའི་ཁེ་ལས་ལ་གསར་གཏོད་ནུས་པ་དང་། རིམ་འཇུག་མྱུར་ཚད། བཟོ་སྐྲུན་ལས་ཕྱོད་སོགས་ཐད་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། དེའི་རྒྱབ་ཕྱོགས་ནི་ཀྲུང་གོའི་འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་རེད” ཐེ་ལན་ཀྲེང་ཏ་དོ་དམ་སློབ་གླིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲི་མིན་གྱིས་གསར་འགོད་པར“ཀྲུང་གོའི་དཔལ་འབྱོར་གྱི་འགྲན་རྩོད་ལེགས་ཆ་སྔར་བཞིན་ཆེ་བ་དང་། ཀྲུང་གོ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་ཕྱོགས་ལ་མུ་མཐུད་ཤུགས་རྐྱེན་ཐེབས་སྲིད”ཅེས་བརྗོད།
     ཀྲུང་གོ་ནི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོ་རེད། ཧན་གོའི་གཞུང་ཕྱོགས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། 2023ལོར་ཀྲུང་གོ་འདི་ཉིད་ཧན་གོས་ཕྱི་རྒྱལ་ནས་ཐད་ཀར་ཉོ་སྒྲུབ་ཀྱི་འཛད་སྤྱོད་བྱ་ཡུལ་ཆེ་ཤོས་སུ་ཐོག་མར་གྱུར་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚའེ་པོར་ཀེ·པུའུ་ལུན་ཏེ་ཡིས། ཀྲུང་གོའི་མ་འཇོག་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་འཕར་ཚད་དེ་གསར་གཏོད་སྣེ་ཁྲིད་ཀྱི་འཕར་ཚད་ལ་གྱུར་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་གོ་ལ་ཧྲིལ་པོའི་ཚོང་དོན་ཁྱབ་ཁོངས་སུ་གནས་བབ་གལ་ཆེན་བཟུང་ཡོད་ཅེས་བརྗོད།
     རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཀྲུང་གོར་བསྐྱོད་ནས་གྲོས་མོལ་སྙན་ཞུ་ཐེངས་བཞི་པ་བྱེད་མཁན་འཐུས་མི་ཚོགས་པའི་ཚོགས་གཙོ་སུའོ་ནཱ་ལི·ཅཱ་དབྱིན-ཆན་ཏེ་ལཱ་ཡིས་གསར་འགོད་པར། ཀྲུང་གོ་སྲིད་གཞུང་གིས་ལག་བསྟར་བྱས་པའི་འབྲེལ་ཡོད་སྲིད་ཇུས་ཀྱིས་དཔལ་འབྱོར་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་དང་འབྲེལ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལས་ཀྲུང་གོའི་དཔལ་འབྱོར་བརྒྱ་ཆའི་གྲངས་1རེ་འཕར་ན་རྒྱལ་ཁབ་གཞན་དག་གི་དཔལ་འབྱོར་བརྒྱ་ཆའི་གྲངས་0.3འཕར་བར་སྣེ་ཁྲིད་ཐུབ་རྒྱུ་ཡིན་པ་བསྟན་ཡོད་ཅེས་བརྗོད་ཅིང་། ཁོང་གིས་2024ལོར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་དེ་སྔར་བཞིན་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་ཀྲུང་གོ་ནི་2024ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་མཁན་གཙོ་བོ་ཡིན་པའི་ངོས་འཛིན་བྱས་པ་རེད།
     (པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)