འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་23ཉིན།

༄༅།།ཞིང་ལས་དང་གྲོང་གསེབ་པུས་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། 

——དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཡུན་རིང་སྲ་བརྟན་དང་རྒྱ་སྐྱེད་འགྲོ་བར་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་23ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལུང་ནན་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་21ཉིན། ཞིང་ལས་དང་གྲོང་གསེབ་པུས་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྗེས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཚད་གཞི་མི་ཆག་པ་དང་། བྱེད་ཐབས་ལྷུག་ཏུ་མི་གཏོང་བ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཁོར་རྒྱུག་ནུས་ལྡན་བྱེད་པ། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དབུལ་སྒྲོལ་ས་ཁུལ་འཕེལ་རྒྱས་མྱུར་པོ་དང་དབུལ་སྒྲོལ་མང་ཚོགས་རྒྱུན་མཐུད་འབབ་འཕར་ཡོང་བ་བཅས་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་བརྟན་པོར་བསྲུངས་ཡོད།
     གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་པ་ཆེན་པོ་དང་གཞི་ཆེན་ཁྲོད་ཕྱོགས་ཁག་གི་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་དང་ཤུགས་ཆེར་གཏོང་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་ཡོད།
     ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་ཚོགས་འདུར་ངོ་སྤྲོད་བྱས་དོན། འདི་ལོ་ཕྱོགས་མང་པོའི་ཐད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་ལས་དོན་གྱི་གཙོ་གནད་ལས་འགན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་གཤམ་གསལ།
     —— དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཆ་འཕྲིན་ཞིང་དུད་ཡོངས་ལ་ཁྱབ་པར་བྱས་ཏེ་སྡེ་ཚན་མང་པོའི་གྲངས་གཞི་ཆེན་པོར་བརྟེན་ནས་གྲལ་བཤེར་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་དབྱེ་འབྱེད་ལ་རྒྱུན་མཐུད་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་ཁ་སེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།
     —— རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་རིགས་དབྱེ་སྐུལ་འདེད་བཏང་ནས“སྲ་བརྟན་དང་། རིམ་སྤོར། གསོག་ཐེབས་ཕན་སྒྱུར། ལེགས་སྒྲིག”བཅས་ཀྱི་བླང་བྱ་གཞིར་བཟུང་། དབུལ་སྒྲོལ་ས་ཁུལ་སྒྲིག་འཛུགས་ཀྱིས་རྫོང་ཚན་པར་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་རིགས་དབྱེའི་ངང་སྤྱད་དེ་ལག་རྩལ་དང་། སྒྲིག་བཀོད། ཚོང་སྒྱུར། ཤེས་ལྡན་པ་སོགས་ཐད་ཀྱི་ཞན་ཆ་སེལ་བ་དང་། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་སྤུས་འབྲས་ལེགས་གཉེར་ཏན་ཏིག་ཐུབ་པར་བྱ་རྒྱུ།
     —— དབུལ་ལོག་སྔོན་འགོག་གི་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས། དབུལ་སྒྲོལ་མི་འབོར་གྱི་ལོ་འཁོར་གྱི་ལས་སྒྲུབ་གཞི་ཁྱོན་མི་ཁྲི་3000ཡན་ལ་བརྟན་པོར་གནས་ཐུབ་པའི“དུས་ཐོག་ཏུ་སྒྲུབ་དགོས་པའི་ལས་འགན”ལ་དམིགས་ཏེ་གྲངས་འབོར་ཐད་གསོག་འཇོག་ཧུར་ཐག་དང་འཕར་ཚད་མང་དུ་གཏོང་བ་དང་། སྤུས་ཚད་ཐད་གསོ་སྦྱོང་ལ་དེ་བས་དམ་འཛིན་མང་བ་དང་སྤུས་རྟགས་བཏོད་ནས་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་གྲངས་འབོར་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་བའི་བརྩོན་ལེན་བྱ་རྒྱུ།
     —— གཙོ་གནད་ས་ཁོངས་ཀྱི་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་བར་མུ་མཐུད་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་གིས་ཞན་ཆ་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་མགྱོགས་མྱུར་ལག་ལེན་བསྟར་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་ཁུལ་གྱི་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་དངོས་ཐག་གཅོད་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ།
     —— ཤར་ནུབ་རྒྱུད་རོགས་ལས་དང་། ཀྲུང་དབྱང་ཚན་པའི་དམིགས་འཛུགས་རོགས་སྐྱོར། གྲོང་སྡོད་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མཉམ་ཤུགས་གཅིག་སྒྲིལ་གྱིས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)