འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།རང་རྒྱལ་གྱི་ས་མཐོར་འཚམས་པའི་གནམ་གྲུ་ཆེན་པོའི་མངགས་ཐོ་དང་པོར་མིང་རྟགས་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། སིང་ཀ་ཕོར་ལ་འཚོགས་པའི་མཁའ་འགྲུལ་འགྲེམས་སྟོན་འགོ་ཚུགས་ཉིན་མོར་བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་ཀྲུང་གོའི་ཚོང་དོན་གནམ་གྲུ་ཀུང་སིའི་དབར་ས་མཐོའི་གནམ་གྲུའི་བཟོ་དབྱིབས་C919རྟགས་ཅན་40དང་ས་མཐོའི་གནམ་གྲུའི་བཟོ་དབྱིབས་ARJ21རྟགས་ཅན་10ཉོ་བའི་མངགས་ཐོར་མིང་རྟགས་བཀོད་ཅིང་། དེ་ནི་རང་རྒྱལ་གྱི་ས་མཐོར་འཚམས་པའི་གནམ་གྲུ་ཆེན་པོའི་གོ་ལ་ཧྲིལ་པོའི་མངགས་ཐོ་དང་པོ་དེ་ཡིན་པ་ལས་ཀྲུང་གོའི་དམངས་སྤྱོད་གནམ་གྲུ་ཆེན་པོ་བཟོ་སྐྲུན་གྱི་ལག་རྩལ་ས་བབ་མཐོ་བའི་ས་མཐོའི་ཁོར་ཡུག་ལ་རྒྱུན་རྣམ་ཅན་གྱི་འཕུར་འབབ་ཐུབ་རྒྱུར་དངོས་སུ་གདོང་མཆོང་བྱས་པ་མཚོན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོའི་གནམ་གྲུའི་བཟོ་དབྱིབས་C919རྟགས་ཅན་ནི་གནམ་གྲུ་C919མུ་སྦྲེལ་ཅན་འཕེལ་རྒྱས་བཏང་བའི་གནམ་གྲུའི་བཟོ་དབྱིབས་གཙོ་བོའི་གྲས་ཤིག་ཡིན་པ་དང་། གནམ་གྲུ་C1919ཡི་བཟོ་དབྱིབས་ཀྱི་རྨང་གཞིའི་ཐོག་བཟོ་ལྟ་ཐུང་དུ་བཏང་བ་དང་ས་མཐོར་འཕུར་རྒྱུར་བཟོ་བཅོས་བརྒྱབ་པ་བརྒྱུད་ས་མཐོའི་ས་ཁུལ་གྱི་སྐྱེལ་འདྲེན་བླང་བྱའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། དེར་རྐུབ་སྟེགས་140ནས་160བར་ཡོད་པ་དང་། འཕུར་འབབ་ཀྱི་ནུས་པ་ལྡན་པ་དེས་རྒྱལ་ནང་གི་ས་བབ་མཐོ་བའི་ས་མཐོའི་གནམ་ཐང་ཚང་མའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།
     2023ལོའི་ཟླ་12པར་ཧྲང་ཧའེ་རུ་བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་ཀྲུང་གོ་ཚོང་དོན་གནམ་གྲུ་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་སྦབ་ཆར་མིང་རྟགས་བཀོད་དེ། ཕྱོགས་གཉིས་པོས་མཉམ་དུ་ས་མཐོའི་གནམ་གྲུའི་བཟོ་དབྱིབས་C919དང་ས་མཐོའི་གནམ་གྲུ་ARJ-21ཞིབ་བཟོ་བྱས་ནས་དེའི་གྲུབ་འབྲས་དང་ཉམས་མྱོང་ཚང་མ་རང་རྒྱལ་གྱི་ས་མཐོར་འཚམས་པའི་གནམ་གྲུ་ཆེན་པོ་ཞིབ་བཟོ་བྱ་བར་སྤྱད་ནས་གནམ་གྲུ་དེ་རིགས་སྔ་ཙམ“འཛམ་གླིང་ཡང་རྩེར”འཕུར་ཐུབ་པར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
     (པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)