འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་
ཟླ་བ་དོན་གྲུབ་ཀྱིས་བརྗོད་དོན། ས་མཐོའི་སྐྱེ་ཁམས་ཞིང་ལས་ཆེད་སོན་བཟང་འདེབས་གསོ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་མཇུག་འགྲིལ་མེད་ཀྱང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་བརྟག་ཞིབ་ནང་དོན་གསེད་བཀྲོལ་དང་། དཔྱིད་འདེབས་འཆར་གཞི་བཟོ་བ། སློབ་མ་དང་སློབ་གཞིར་གྲོས་བསྡུར་བྱེད་པ་སོགས་བྲེལ་འཚུབ་ཀྱིས་ཁེངས་བཞིན་ཡོད།
     ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས“ཞིང་གསུམ”གྱི་གླེང་གཞིར་དོ་ཁུར་ཆེན་པོ་གནང་གི་ཡོད། 2009ལོ་ནས་བཟུང་ཁོང་གིས་དགུན་ནས་རྒྱུད་འཛིན་དང་ལེགས་གཏོང་ལས་ལ་གཞོལ་ཞིང་། “བོད་དུ་རྨོ་ཞིང་ཉུང་བས་དགུན་ནས་ཁྱབ་གདལ་བཏང་ཚེ་ས་ཞིང་སྤྱོད་ཚད་མང་དུ་གཏོང་ཐུབ་པ་མ་ཟད། ད་དུང་སྐྱེ་དངོས་རང་བཞིན་གྱི་ཏན་འཇགས་ལུད་གསོག་གི་ནུས་པའང་ལྡན་ཡོད། མིག་སྔར་དགུན་ནས་ཁྱབ་གདལ་གཏོང་ཁོངས་ཀྱི་ས་བབ་མཐོ་ཚད་སྨི་3600ཟིན་གྱི་ཡོད། གལ་སྲིད་གྲང་བཟོད་ལེགས་གཏོང་འགག་སྒྲོལ་ཐུབ་ཚེ་ས་བབ་མཐོ་ཚད་སྨི་4000ལ་ཁྱབ་གདལ་བཏང་ནས་བོད་ཀྱི་80%ཡི་ས་ཆར་ཁྱབ་ཐུབ”ཅེས་གསུངས། དམིགས་ཚད་དེ་གང་མགྱོགས་མངོན་འགྱུར་ཡོང་བ་བྱ་ཆེད། ན་ནིང་ཁོང་དང་ཚོགས་པའི་ཁོངས་མིས་ཟླ་རེར་ཉུང་མཐར་ཡང་གཟའ་འཁོར་གཅིག་གི་ནང་ལྷ་ས་གྲོང་ཁྱེར་གྱི་ལྷུན་གྲུབ་རྫོང་དང་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེ་རྫོང་གི་ཞིང་ནང་དུ་བསྐྱོད་ནས་འདེབས་ལ་འཚམ་པའི་ས་བོན་གདམ་གསེས་བྱས་ཏེ་འདེབས་གསོ་བྱེད་ཐབས་ལེགས་སུ་གཏོང་གང་ཐུབ་བྱེད་ཀྱི་ཡོད།
     བོད་ཀྱི་ཞིང་ལས་ཁྱབ་ཚུལ་ལ་ས་བབ་ཀྱི་བར་ཁྱད་ཆེ་བ་དང་སྐྱེ་ཁམས་ཀྱི་ཧེ་བག་མངོན་གསལ་དོད་པོ་ཡོད་པས། ཇི་ལྟར་བྱས་ཏེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སོན་བཟང་མཁོ་འདོན་དང་། ཞིང་ས་གཤིན་པོ་ལེགས་བཅོས། ལག་རྩལ་ཡག་པོ་བརྒྱུད་སྤྲོད་བཅས་བྱས་ནས་འབྲུ་རིགས་ལ་ལོ་ལེགས་དང་མང་ཚོགས་ལ་འབབ་འཕར་ཡོང་བ་བྱ་རྒྱུ་དེ་ནི་ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་གཙོ་གནད་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་ཤིག་རེད། འདས་ཟིན་པའི་ལོ་གཅིག་ནང་། ཁོང་གིས་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་རང་བརྟེན་བརྟག་ཞིབ་ཉིན་150ཙམ་བྱས་པ་དང་ལམ་ཐག་སྤྱི་ལེ་ཁྲི་2ལྷག་ཙམ་བསྐྱོད་ཡོད། “བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། ང་ཚོས་ཞིང་ཁ་ཡག་པོ་འདེབས་དགོས་ལ་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མངོན་འགྱུར་ཐུབ་པ་བྱེད་དགོས”
     ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས“གྲོས་གཞི་ཡག་པོ་ཞིག་འདོན་དགོས་ན་གནད་དོན་འཕྱུགས་པ་མེད་པར་ཤེས་རྟོགས་ཐུབ་པ་བྱེད་དགོས་ལ། ཐག་གཅོད་བྱ་ཐབས་ཀྱང་ཏན་ཏིག་ནུས་ལྡན་ཡོང་བ་བྱེད་དགོས། གྲོས་གཞིའི་ལས་དོན་ནས་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་གི་ནུས་པ་དང་ཆུ་ཚད་མཚོན་གྱི་ཡོད། ཏང་སྲིད་སྡེ་ཚན་གྱི་ལས་དོན་ལ་སྐུལ་འདེད་ཐུབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པའི་དངོས་ཡོད་ཀྱི་དོན་སྙིང་ལྡན་དགོས། ངས་ས་མཐོའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས་དང་དེ་བཞིན་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།
     (《དཔལ་འབྱོར་ཉིན་རེའི་ཚགས་པར》2024ལོའི་ཟླ་2ཚེས་20ཉིན་གྱི་པར་ངོས་2པ་ནས་བརྒྱུད་འགོད་བྱས)