འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་22ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་གིས། རྗེས་མཐུད་བཀོད་སྒྲིག་ལ་སྐུལ་འདེད་བརྟན་པོ་བཏང་བས་
མང་ཚོགས་དགའ་སྤྲོའི་ངང་ལོ་གསར་གཏོང་རྒྱུ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་22ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མེ།
     ཀྲུང་ཁྲོན་ཤང་གི་བཀོད་སྒྲིག་བྱ་ཡུལ་ཚང་མར་ལྒང་བཞུ་དམར་པོ་བཀལ་བ་དང་། ཁྱིམ་ཚང་ཚང་མར་རྒྱ་ཡིག“ཧྥུའུ”སྦྱར་བ། སྒྲིག་ཁང་ནང་མཛེས་རྒྱན་སྤྲས་པ། ཕྲུ་གུ་ཚོས་གོས་གསར་པ་གྱོན་ནས་ཐང་ཆེན་དུ་རྩེད་མོ་རྩེ་བཞིན་ཡོད་པ་རེད།
     རྒྱལ་ཟླ་བཅུ་གཉིས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་གིས་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་བར་ཡོང་བའི་མང་ཚོགས་ཀྱི་འགན་ལེན་ལས་དོན་བཀོད་སྒྲིག་བྱེད་འགོ་ཚུགས། ཀྲུང་ཁྲོན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མཱ་ཡུས་མིང་གི་ལས་ཀའང་དཔྱིད་གསར་དུས་ཆེན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཁོང་གིས་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་བར་ཡོང་བའི་མང་ཚོགས་ཀྱི་གནས་ཚུལ་གསལ་རྟོགས་བྱས་ནས་ཕྱིར་གླ་པར་བསྐྱོད་མཁན་ཆ་རྐྱེན་ཡོད་པ་རྣམས་ས་གནས་དེ་གར་ལོ་གསར་གཏོང་རྒྱུར་ཁྲིད་སྟོན་དང་རོགས་རམ་བྱས་པ་རེད། “མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱེད་པ་དང་དུས་མཚུངས། ང་ཚོས་ད་དུང་རིག་གནས་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་དང་སྒྲིག་འཛུགས་བྱས་ཏེ། གནས་སྡོད་བཀོད་སྒྲིག་ཁང་པ་ནས་ཚང་མར་ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་པ་བྱས་ཡོད” གནོད་འཚེ་ཕོག་པའི་མང་ཚོགས་ཚོས་དགའ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པ་བྱ་ཆེད། མིན་ཧོ་རྫོང་གིས་རྫོང་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་6481ལ་དཀའ་ཉེན་རང་བཞིན་གྱི་གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་536.64སྤྲད་དེ་མི་ཧྲེང་རྒན་རྒོན་དང་གཞིས་ལུས་བྱིས་པ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་བྱས་པ་རེད།
     ཐབ་བཏང་བའི་མངོན་མེད་རྐྱེན་ངན་ཆེ་ཤོས་ནི་དབྱང་གཅིག་ཐན་འགྱུར་གྱི་དུག་ཕོག་ཉེན་ཆེ་བ་དེ་རེད། བཀོད་སྒྲིག་བྱ་ཡུལ་དུ་ཉེན་གཏོང་ཡོ་བྱད་བསྒར་ཡོད་མོད། འོན་ཀྱང་མཱ་ཡུས་མིང་ད་དུང་བློ་བདེ་པོ་མ་བྱུང་བར་རྟག་ཏུ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། “བཀོད་སྒྲིག་ཁང་པ་ནི་གནས་སྐབས་ཀྱི་ཁྱིམ་ཚང་ཡིན་མོད། འོན་ཀྱང་ལོ་གསར་སྟབས་བདེ་ཞིག་གཏན་ནས་གཏོང་མི་རུང” ཅི་ཧྲི་ཧྲན་གྱི་ས་ཡོམ་རིམ་པ་6.2ཁྲོད་ཅིང་ཐེན་གྲོང་ཚོའི་གྲོང་མི་དབྱང་ཚུན་ལིན་གྱི་ཁྱིམ་ལ་གཏོར་སྐྱོན་ཕོག་ཡོད་རུང་། ཁོང་གིས་བཟའ་ཟླ་དང་མཉམ་དུ་ཁ་ལག་གྲ་སྒྲིག་བྱས་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་བར་ཡོང་མཁན་གཉེན་ཉེར་སྣེ་ལེན་ཞུས་པ་སོགས་ཁོང་དང་ནང་མི་ཚོས་དེ་སྔ་ལྟར་གྱི་ལོ་གསར་སྐྱིད་པོ་ཞིག་བཏང་བ་རེད།
     2024ལོའི་ཟླ་1ཚེས་2ཉིན་བར། མིན་ཧོ་རྫོང་གི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཐུབ་པ་དང་སློབ་མ་ཚང་མར་དྲ་ཕྱིའི་སློབ་ཁྲིད་སླར་གསོ་ཐུབ་ནས་རྫོང་དེ་ཡོངས་སུ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་91ཚད་ལྡན་ངང་བཙུགས་པ་དང་། དུང་ཚང་1986དང་མི་8076ལ་སྒྲིག་ཁང་བཀོད་སྒྲིག་བྱས་པ། བཀོད་སྒྲིག་བྱ་ཡུལ་ཚང་མར་ཆུ་གློག་དང་། དྲ་རྒྱ། དྲོད་ལེན་ཡོ་བྱད། སྤྱི་པའི་གསང་སྤྱོད། འཚོ་བའི་གད་སྙིགས་བསྡུ་སའི་སྒྲིག་བཀོད། ཏང་དང་མང་ཚོགས་ཀྱི་ལས་དོན་ས་ཚིགས། སྨན་བཅོས་ཞབས་ཞུ་བཅས་ཡོད་པ་རེད། བཀོད་སྒྲིག་བྱ་ཡུལ་དུ་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་གསར་པ་བྱུང་ནས་ཆེད་མངགས་ཆུ་ཁང་བཀོད་སྒྲིག་བྱས་ཏེ། ཚང་མར་རྒྱུན་གཏན་གྱི་ཁ་འཁྲུ་ལག་བཤལ་དང་འཐུང་ཆུ་མཁོ་འདོན་བྱས་པ་དང་བཙོག་ཆུ་གཙང་གསིང་གི་མདོང་ལམ་སྒྲིག་སྦྱོར་བྱས་པ་སོགས་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།
     ས་ཡོམ་གྱིས་དབྱང་ཚུན་ལིན་གྱི་སྡོད་ཁང་ཉེན་ཡོད་ཁང་པར་གྱུར་ཡོད། གང་མགྱོགས་སླར་གསོ་བསྐྱར་སྐྲུན་བྱ་ཆེད། སྲིད་གཞུང་གིས་ལོ་གསར་གོང་ཉེན་ཡོད་ཁང་པའི་རིམ་པ་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། “དཔྱིད་ཀ་ཤར་རྗེས་ཁང་པ་རྒྱག་རྒྱུ་ཡིན་པས། ཁང་པ་གསར་པའི་ནང་དཔྱིད་གསར་དུས་ཆེན་གསར་པ་ཞིག་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད” 2024ལོའི་ཟླ་1ཚེས་12ཉིན་བར། ཀྲུང་ཁྲོན་ཤང་གི་སྡོད་ཁང་གསལ་འབྱེད་ལས་དོན་མཇུག་འགྲིལ་ཉེར་ཡོད་ཅིང་། ཁྱོན་Cརིམ་པའི་དུད་ཚང་2555དང་Dརིམ་པའི་དུད་ཚང་708ལ་གསལ་འབྱེད་བྱས་པ་དང་། སྒྲིག་ཁང་1740བཀོད་སྒྲིག་བྱས་པ། རྗེས་མཐུད་བཀོད་སྒྲིག་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་པ། ཅིན་ཐེན་གྲོང་ཚོ་དང་ཚའོ་ཐན་གྲོང་ཚོའི་ཉེན་ཁ་ཆེ་བའི་ཁུལ་དུ་གནས་པའི་ཞིང་དུད་གཅིག་སྡུད་བཀོད་སྒྲིག་ཐད་བསམ་བློའི་སྐུལ་སློང་དང་ས་འདེམས་ལས་དོན་སྤེལ་རྒྱུར་དུས་མཚུངས་སུ་སྐུལ་འདེད་བཏང་བ་རེད།
     “ནང་མི་ཚོ་བདེ་འཇགས་མེད་པའི་གནས་སུ་གྱར་དུ་འཇུག་མི་རུང་། ང་ཚོར་ཕ་ཚ་བུ་རྒྱུད་ལ་བདེ་འཇགས་ཀྱི་སྡོད་གནས་ཤིག་འཚོལ་བའི་འོས་འགན་ཡོད” ཉིན་ཤས་རིང་། མཱ་ཡུས་མིང་གིས་གྲོང་མི་ཚོར་ས་ཆ་འདེམས་རྒྱུ་དང་ཁྱིམ་གཞིས་བསྐྱར་སྐྲུན་གྱི་བསམ་བློའི་སྐུལ་སློང་བྱས་ནས“ས་ཆ་འདེམས་སྐབས་ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་དང་། དེ་བཞིན་རྨོ་ཞིང་དང་། ཁོར་ཡུག་སྲུང་སྐྱོང་། ས་འོག་ཆུ། ཆུ་སྐྱོན་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བསམ་གཞིག་བྱེད་དགོས་ལུགས”བཤད། ད་ཆ་ས་ཆ་གཏན་འཁེལ་རགས་ཙམ་བྱུང་བ་དང་དུས་མཚུངས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་དེ《ཀན་སུའུ་ཅི་ཧྲི་ཧྲན་རྫོང་གི་ས་ཡོམ་རིམ་པ་6.2ཀྱི་མཚོ་སྔོན་གྱི་གེགས་རྗེས་བསྐྱར་སྐྲུན་འཆར་འགོད》བཟོ་བཞིན་ཡོད་པ་རེད།
     དཔྱིད་གསར་དུས་ཆེན་རིང་། མིན་ཧོ་རྫོང་གིས་གནོད་འཚེ་ཕོག་པའི་སློབ་གྲྭ་དང་སྡོད་ཁང་ཉམས་བཟོ་བརྟན་གཏོང་གི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་སྔ་ཙམ་ཁྱིམ་གཞིས་གསར་པར་སྤོ་ཐུབ་པའི་འགན་ལེན་བྱས་པ་རེད། མཱ་ཡུས་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གནོད་འཚེ་ཕོག་པའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྨན་ཁང་དང་མེ་ཟོན་ས་ཚིགས་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡོད་པ་དང་། མང་ཚོགས་བཀོད་སྒྲིག་བྱ་ཡུལ་ནས་ནད་གཞི་ལྟ་ཐུབ་པ་དང་སྨན་ལེན་ཐུབ་པ། མིན་ཧོ་རྫོང་གིས་ད་དུང་སྔ་རྗེས་སུ་རིན་མེད་ངང་འབྲས་དང་། གྲོ་ཞིབ། སྣུམ། ཤ་སོགས་སྤྲད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བློ་བདེའི་ངང་ལོ་གསར་གཏོང་ཐུབ་པ་བྱས་པ་རེད།
     གསར་འགྱུར་སྦྲེལ་མཐུད། 2023ལོའི་ཟླ་12ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་59ཡི་ཐོག ཀན་སུའུ་ཞིང་ཆེན་ཉིང་ཞ་ཀྲོའུ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་རེད། ཡོམ་ལྡིག་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འབྲེལ་མཚམས་དང་བར་ཐག་ཉེ་ཤོས་ལ་སྤྱི་ལེ་5ཙམ་ཡོད་པ་དང་། ཡོམ་ལྡིག་གི་སྤྱི་ལེ་50ཡི་ཁྱབ་ཁོངས་ནང་མཚོ་སྔོན་ཞིང་ཆེན་གྱི་ཤང་དང་གྲོང་རྡལ་22ཡོད་པ་རེད། ས་ཡོམ་གྱི་གནོད་འཚེས་རྐྱེན་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་མི་34རྐྱེན་ལམ་དུ་ཤོར་བ་དང་། མི་195ལ་རྨས་སྐྱོན་ཕོག་པ། མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་317གྱི་སློབ་མ་126000ལྷག་ཙམ་སློབ་ཁྲིད་བྱེད་མཚམས་འཇོག་དགོས་བྱུང་བ་རེད།
     མཚོ་ཤར་གྲོང་ཁྱེར་གྱིས་མིན་ཧོ་རྫོང་དང་། བར་ཡན་རྫོང་། ཡ་རྫི་རྫོང་བཅས་སུ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་141བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་18259བཀོད་སྒྲིག་བྱས་པ་དང་། རིམ་རྩིས་བྱས་ན་གུར་དང་། ལྟེབ་ཁྲི། སྲིང་བལ་གྱི་ཉལ་ཆས། སྲིང་བལ་གྱི་གྱོན་གོས། དྲོད་སྲུང་སྒྲིག་ཆས་སོགས་གེགས་སེལ་དངོས་ཟོག་སྣ་ཚོགས་ཁྲི་5.94སྤྲད་པ་དང་བཤིག་བདེའི་ཁང་པ་3507བརྒྱབ་ནས་དུད་ཚང་3880དང་མི་16055སྤོས་ཡོད་པ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)