འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་21ཉིན།

༄༅།།ཕུའུ་ཅིང་གིས་ཉིང་རྡུལ་མཚོན་ཆའི་ཐད་བཤད་དོན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་21ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་ཚེས་20ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱིས་སྔར་ནས་བཟུང་བར་སྣང་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་སོ་སོས་ད་ཡོད་ཀྱི་གྲོས་མཐུན་ཚང་མར་བརྩི་སྲུང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བཤད། 
     ཕུའུ་ཅིང་གིས་ད་དུང་རང་རྒྱལ་གྱི་ལངས་ཕྱོགས་ཁ་གསལ་ཡོད། ང་ཚོས་བར་སྣང་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱ་རྒྱུར་སྔར་བཞིན་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་ད་ལྟའང་ངོ་རྒོལ་བྱེད་ཀྱིན་ཡོད། དེ་ལས་ལྡོག་སྟེ་ང་ཚོས་ཕྱོགས་སོ་སོས་ཁྱབ་ཁོངས་དེའི་ད་ཡོད་ཀྱི་གྲོས་མཐུན་ཚང་མར་བརྩི་སྲུང་ཞུ་དགོས་པར་མ་ཟད། མཉམ་འབྲེལ་ལས་དོན་ལའང་ཤུགས་སྣོན་ཆེན་པོ་རྒྱག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད། 
     ཕུའུ་ཅིང་གིས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཕྱོགས་གཅིག་ནས་འཐབ་ཇུས་ཐོག་ནས་ཨུ་རུ་སུ་ཕམ་ཉེས་གཏོང་དགོས་ཞེས་འབོད་སྐུལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཨུ་རུ་སུ་ཕྱོགས་དང་འཐབ་ཇུས་བརྟན་ལྷིང་གི་གནད་དོན་གྲོས་མོལ་བྱེད་རྩིས་ཡོད་པ་འདྲ། ཁོང་ཚོས་ཕྱོགས་དེ་གཉིས་ཀྱི་གནད་དོན་དང་འབྲེལ་བ་མེད་པའི་ངོས་འཛིན་བྱེད་པ་དེ་ནི་ལག་ལེན་བསྟར་ཐབས་བྲལ་བ་ཞིག་རེད་ཅེས་བཤད། 
     ཁོང་གིས་ཨུ་རུ་སུས་འཐབ་ཇུས་བརྟན་ལྷིང་སྐོར་གྱི་སྐད་ཆ་ཤོད་རེས་བྱ་རྒྱུ་དང་ལེན་མ་བྱས་པ་གཏན་ནས་མེད། ཨུ་རུ་སུས་གྲོས་མོལ་ལ་ངོ་རྒོལ་གཏན་ནས་མི་བྱེད་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་ལ་མོས་མཐུན་བྱེད་ཀྱིན་ཡོད་ལ། དེ་ཡུག་རེན་རྒྱལ་ཁབ་ལ་མཚོན་ན་ཡང་དགོས་མཁོ་ཡོད་ཅེས་བཤད།