འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་20ཉིན།

༄༅།།ཀན་སུའུ་ཡི་གྲངས་གཞི་དབྱེ་ཞིབ་མཁས་ཅན་གྱིས་འབྲུག་ལོའི“འགོ་ཚུགས་བཀྲ་ཤིས”ཀྱི་དཔང་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་20ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། དབྱིན་ཡན།
     བརྙན་ཤེལ་ནང་གི་ཚབ་ཨང་སྟར་པ་རེ་རེས་མིག་དབང་འཁྲུལ་བར་བྱེད་ལ། བརྙན་ཤེལ་མདུན་གྱི་ཝང་ཧྭ་ཡིས་བྱང་ཆུབ་པོས་མཐེབ་གཞོང་བསྣན་ཏེ་གྲངས་གཞི་དབྱེ་ཞིབ་འཕྲུལ་ཆས་སྤྱད་དེ་གྲངས་གཞི་རེ་རེ་ནས་རིམ་བཞིན་རིན་ཐང་མངོན་པར་བྱེད་ཀྱི་ཡོད། ཁོང་གིས་བརྙན་ཤེལ་ལ་མིག་ཅེར་རེར་བལྟས་ནས་གྲངས་གཞི་གཙང་སེལ་དང་རྒྱུན་གཏན་མིན་པའི་གྲངས་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་པ་དང་ཆབས་ཅིག ད་དུང་གྲངས་གཞིའི་འཕེལ་ཕྱོགས་ལ་ལྟ་ཞིབ་ནན་ཏན་བྱས་ནས་གྲངས་གཞི་གནད་སྨིན་ཡོང་བའི་འགན་ལེན་ཡང་བྱེད་ཀྱི་ཡོད།
     ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་དགུ་ཉིན་ནི་དཔྱིད་གསར་གྱི་ལས་འགོ་ཚུགས་པའི་ཉིན་དང་པོ་དེ་ཡིན་ཞིང་། ཞོགས་པའི་ཆུ་ཚོད་8པ་ལྷག་ཙམ་ལ། རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སིའི་གྲངས་གཞི་དབྱེ་ཞིབ་ལས་དོན་གྱི་འགན་འཁུར་བ་ཝང་ཧྭ་ལས་གནས་སུ་སླེབས་མ་ཐག་འཕྲལ་དུ་གྲངས་གཞི་ལྟེ་གནས་ཀྱི་ལས་འགན་བཀོད་གཏོང་དང་དེ་བཞིན་གྲངས་གཞིའི་འབྲེལ་མཐུད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས།
     གྲངས་གཞིའི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བསྡུར་བྱེད་པ་ཕུད་ཝང་ཧྭ་དང་གྲངས་གཞི་དབྱེ་ཞིབ་མཁས་ཅན་གཞན་ཚོས་ད་དུང“ལོ་གསར་གྱི་གློག་ཤུགས་སྙན་ཞུ”ཞིག་བཏོན་ནས། དུས་ཆེན་རིང་གི་གློག་སྤྱོད་ཐེག་ཚད་དང་། གློག་སྒྱུར་ཡོ་ཆས་གཅིག་གི་གློག་གཏོང་ཁྱབ་ཁོངས་ཀྱི་འཁོར་སྐྱོད་གནས་ཚུལ། ལས་རིགས་ཀྱི་གློག་སྤྱོད་སོགས་ཀྱི་གྲངས་གཞི་འཐེན་བཤེར་དང་། གཙང་སེལ། དབྱེ་ཞིབ་བཅས་ཀྱི་ལས་དོན་སྤེལ་ཏེ་གློག་ཤུགས་གྲངས་གཞིའི་ཟུར་ཚད་ནས་དཔྱིད་གསར་དུས་ཆེན་གྱི་གློག་སྤྱོད་ཐེག་ཚད་ཁྱབ་ཚུལ་ལ་ལྟ་བ་དང་། དཔྱིད་གསར་དུས་ཆེན་རིང་ཕ་ཡུལ་དུ་ལོག་སྟེ་མཉམ་འཛོམས་བྱེད་པའི་དུས་བཟང་ལ་ཕྱིར་ལྟ་བྱས་ནས་ལུང་ཡོན་གྱི“འབྲུག་ལོའི”འགོ་ཚུགས་བཀྲ་ཤིས་ཀྱི་དཔང་པོ་བྱས། ལས་བྲེལ་ཆེ་བའི་ཉིན་གཅིག་བརྒྱུད། ཝང་ཧྭ་ཡི་གྲངས་གཞི་ཐག་གཅོད་དང་དབྱེ་ཞིབ་ལས་དོན་ལེགས་སྒྲུབ་བྱུང་ཞིང་། གྲངས་གཞི་དབྱེ་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བར། ཀན་སུའུ་ཡི་འབྲུག་ལོའི་དཔྱིད་གསར་དུས་ཆེན་རིང་ཉིན་རེའི་ཆ་སྙོམས་གློག་སྤྱོད་ཚད་ལོ་གོང་མ་ལས་1.72%འཕར་ཡོད། “གྲངས་གཞི་བཟང་པོ་ལས་འདི་ལོའི་འགོ་ཡག་པོ་ཞིག་བཙུགས་ཡོད། འབྲུག་ལོའི་འཁྲུག་ཆ་དོད་པའི་རྣམ་པ་འགོ་འཛུགས་མ་ཐག་ཡིན་པས། ང་དང་ལས་རོགས་ཚོས་དཔྱིད་གསར་དུས་ཆེན་རྗེས་ཀྱི་ལས་རིགས་ཁག་གི་ལས་ཐོན་བསྐྱར་ཚུགས་ཀྱི་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱས་ནས། གློག་དྲའི་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་ཁྲོད་གློག་ཤུགས་གྲངས་གཞིས་ནུས་པ་དེ་བས་མང་བ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་ཝང་ཧྭ་ཡིས་བཤད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)