འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་8ཉིན།

༄༅།།ཏིང་ཤུའེ་ཞང་གིས་ནོར་ཝེ་ཡི་ཕྱི་འབྲེལ་བློན་ཆེན་ཨའེ་ཏེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་08ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གིས་པེ་ཅིང་དུ་ནོར་ཝེ་ཡི་ཕྱི་འབྲེལ་བློན་ཆེན་ཨའེ་ཏེ་དང་མཇལ་འཛོམས་གནང་བ་རེད།
    ཏིང་ཤུའེ་ཞང་གིས་འདི་ལོ་ནི་ཀྲུང་ནོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་ལོ་ཡིན་ཞིང་། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་སྔར་བས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་འགངས་ཆེན་ལ་ལྟ་རྟོག་བྱེད་པ་དང་ཀྲུང་ནོར་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ནོར་ཝེ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། ནོར་ཝེ་ཡིས་མུ་མཐུད་ཀྲུང་གོའི་ཁེ་ལས་ལ་སྒོ་དབྱེ་དང་། དྲང་གཞག དྲང་བདེན། ཁྱད་གསོད་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་དང་མཉམ་དུ་ཁོར་ཡུག་བཅོས་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།