འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་7ཉིན།

༄༅།།ཝང་ཧུའུ་ཉིང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་དུས་ཆེན་བསུ་བའི་
བཞུགས་མོལ་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་07ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
    ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གི་2023ལོའི་ལས་དོན་ལ་ཁས་ལེན་གནང་བ་མ་ཟད། 2024ལོའི་ལས་དོན་ལ་བླང་བྱ་ཡང་བཏོན་གནང་ཡོད། ཁོང་གིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ངེས་གནས་ཡང་དག་འཚོལ་བ་དང་ཁ་ཕྱོགས་གཏན་འཁེལ་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཀྱི་གཏིང་ཟབ་པའི་ནང་དོན་དང་ལས་འགན་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི“མོས་སེམས་ལྔ”ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གཏིང་ཟབ་དང་ཏན་ཏིག་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་གྲོན་ཆུང་ལ་བརྩི་མཐོང་དང་རྒྱས་སྤྲོས་སྤོང་བའི་སློབ་གསོའི་བྱེད་སྒོ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཆོས་ལུགས་ཀྱི་ལུགས་སྲོལ་བཟང་པོ་འཛུགས་དགོས། ཆོས་ལུགས་ཀྱི་ཤེས་ལྡན་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བར་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་མཐའ་འཁྱོངས་ཀྱིས་ཚད་དང་མཐུན་པའི་རྒྱལ་གཅེས་ཀྱི་ཆོས་ལུགས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
    ཝང་ཧུའུ་ཉིང་གིས་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ལས་དོན་ལ་མཐོང་ཆེན་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སེམས་ཁུར་བྱེད་ཀྱི་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆོས་ལུགས་ལས་རིགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྣམ་པ་སྣ་ཚོགས་ཀྱི་བཅར་འདྲི་དང་འཚམས་འདྲི་བྱས་ཏེ། དགའ་སྤྲོ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
    ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས། ཀྲུང་གོ་ཡེ་ཤུའི་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ལྷན་བཅས་ཀྱི་འགན་འཁུར་བས་ཚོགས་འདུར་གཏམ་བཤད་སྤེལ་བ་རེད།