འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་3ཉིན།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་ནན་བཤད་གནང་དོན།

༄༅།།ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་03ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་31ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་པ་བློ་ལ་བརྟན་པོར་བཅངས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་གྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་གཏོད་པ། སྒྱུར་བཅོས་གཏིང་ཟབ་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སོགས་འཐབ་ཇུས་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྤྱི་འདོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་པོ་འདིང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་གསར་གཏོད་ཀྱི་ལས་དོན་ཆེན་པོ་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པར་སླེབས་ཚུན། ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པར་བརྟེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཉིན་རེ་བཞིན་མངོན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་དོ་མཉམ་རང་བཞིན་མངོན་གསལ་དོད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་དུས་གཅིག་ཏུ་འཕེལ་བ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་བཅས་ལ་གྲུབ་འབྲས་མངོན་གསལ་དོད་པ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་གོམ་སྟབས་མགྱོགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་མང་པོ་ད་དུང་གནས་ཡོད་པས། ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ཐོན་སྐྱེད་ནུས་ཤུགས་ཀྱི་རིགས་པའི་གཞུང་ལུགས་གསར་པས་མཛུབ་ཁྲིད་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་ལག་ལེན་ཁྲོད་གྲུབ་ཟིན་པ་དང་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་སྐུལ་འདེད་ནུས་པ་དང་འདེགས་སྐྱོར་ཆེན་པོ་མངོན་ཡོད་པས། ང་ཚོས་རིགས་པའི་གཞུང་ལུགས་ཐོག་ནས་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་ཏེ་འཕེལ་རྒྱས་ཀྱི་ལག་ལེན་གསར་པར་མཛུབ་ཁྲིད་བྱ་རྒྱུར་སྤྱོད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་པ་དང་། བྱེད་ཐབས་གསར་པ། སྒུལ་ནུས་གསར་པ་བཅས་སྐྱེད་སྲིང་ཐུབ་པ་མ་ཟད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལྟེ་བའི་རྒྱུ་རྐྱེན་ཞིག་རེད། ངེས་པར་དུ་ཚན་རྩལ་གསར་གཏོད་དང་ལྷག་པར་དུ་ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ། ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མངོན་པ་བཅས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དུས་ཐོག་ཏུ་ཞིབ་ཕྲའི་ཐོན་ལས་དང་ཐོན་ལས་འཁོར་འབྲེལ་ཐད་སྤྱད་དེ་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མའི་བཀོད་པ་འཕེལ་རྒྱས་གཏོང་བའི་ཐོན་ལས་འཁོར་འབྲེལ་ལ་དམིགས་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ལྡེམ་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་བཏང་སྟེ་ཐོན་ལས་མ་ལག་གི་རང་རྟེན་ཚོད་འཛིན་ཐུབ་པ་དང་བདེ་འཇགས་བློས་འགེལ་ཆོག་པའི་འགན་ལེན་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རེད་ལ། ཐོན་སྐྱེད་ནུས་ཤུགས་གསར་མ་དེ་ཉིད་ལྗང་མདོག་གི་ཐོན་སྐྱེད་ནུས་ཤུགས་ཤིག་རེད། ངེས་པར་དུ་འཕེལ་རྒྱས་གཏོང་སྟངས་ཀྱི་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་བཏང་སྟེ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་དགོས། རི་སྔོན་ཆུ་དྭངས་གསེར་དངུལ་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ལྗང་མདོག་གི་ཚན་རྩལ་གསར་གཏོད་དང་སྔོན་ཐོན་གྱི་ལྗང་མདོག་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་གང་མགྱོགས་བྱེད་པ་དང་། ལྗང་མདོག་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། ལྗང་མདོག་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ། ལྗང་མདོག་ནུས་རྒྱུའི་ཐོན་ལས་སྟོབས་ཆེར་གཏོང་བ། ལྗང་མདོག་ཐཱན་ཉུང་ཐོན་ལས་དང་མཁོ་སྤྲོད་འཁོར་འབྲེལ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་དཔལ་འབྱོར་མ་ལག་སྐྲུན་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔལ་འབྱོར་སྲིད་ཇུས་བྱེད་ཐབས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ལྗང་མདོག་དངུལ་རྩའི་སྣེ་ཁྲིད་ནུས་པ་བཏོན་ནས་ཕན་ཆེའི་སྐྱེ་ཁམས་ཐོན་ལས་ཚོ་འདུས་གཏོད་དགོས། དེ་དང་ཆབས་ཅིག་སྤྱི་ཚོགས་ཡོངས་སུ་ལྗང་མདོག་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོན་སྐྱེད་འབྲེལ་བ་དེ་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱས་ཏེ་དེ་དང་འཚམ་པའི་ཐོན་སྐྱེད་འབྲེལ་བ་གསར་པ་ཆགས་པར་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་བླང་བྱར་གཞིགས་ནས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཤར་བགྲོད་ཐུབ་པར་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ལུགས་མཐུན་འཁོར་རྒྱུག་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པར་གཞིགས་ནས་མཐོ་རིམ་སློབ་གྲྭའི་རིག་གཞུང་ཚན་ཁག་བཀོད་སྒྲིག་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཐབས་ལེགས་སུ་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཁོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།