འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སུའུ་ཏན་གྱི་ཁྲིམས་འཛིན་བདག་དབང་ལ་
བརྩི་འཇོག་བྱེད་དགོས་པའི་རེ་འབོད་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་སུའུ་ཏན་དང་འབྲེལ་བའི་གནད་དོན་སྐོར་ལ་གྲོས་ཞིབ་བྱེད་སྐབས་བརྗོད་དོན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས《རོ་མའི་སྲོལ་ཆིངས》ནང་གཏན་འབེབས་བྱས་པའི་ཁ་གསབ་བདག་ཁོངས་ཀྱི་རྩ་དོན་ལ་མུ་མཐུད་ནན་པོར་གཞིགས་ཏེ། རང་ཚུགས་དང་། དངོས་ཡོད། དྲང་གཞག་བཅས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སུའུ་ཏན་གྱི་ཁྲིམས་འཛིན་བདག་དབང་དང་ལུགས་མཐུན་གྱི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱས་ནས། སུའུ་ཏན་དང་འབྲེལ་མཐུད་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱེད་དགོས།
    ཏའེ་པིང་གིས། སུའུ་ཏན་གྱིས་རྒྱུན་གཏན་གྱི་སྒྲིག་ལམ་སླར་གསོ་བྱེད་པ་དེ་ཁྲིམས་འཛིན་དྲང་གཞག་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། མིག་སྔར་སུའུ་ཏན་གྱི་གདོང་ཐུག་ཆེ་རུ་ཕྱིན་ནས་མི་སེར་ལ་སྡུག་བསྔལ་ཆེན་པོ་བཟོས་པ་མ་ཟད། མི་ཆོས་ལའང་ཉམས་ཉེན་ཆེན་པོ་ཕོག་པས་མི་རྣམས་ཡིད་སྐྱོ་དགོས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་ཨ་ཧྥེ་རི་ཁའི་ཤར་རྒྱུད་སྲིད་གཞུང་དབར་གྱི་འཕེལ་རྒྱས་རྩ་འཛུགས་སོགས་ས་ཁུལ་རྩ་འཛུགས་ཀྱིས་ཉེ་དུས་འདུམ་འགྲིག་ཧུར་ཐག་བྱས་པ་བརྒྱུད། ས་ཁུལ་རྩ་འཛུགས་ཀྱིས་སུའུ་ཏན་ཕྱོགས་དང་འབྲེལ་གཏུག་བྱེད་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། གདོང་ཐུག་ཕྱོགས་གཉིས་པོས་དམག་མཚམས་མགྱོགས་མྱུར་འཇོག་པར་སྐུལ་འདེད་བཏང་ནས། སུའུ་ཏན་གྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་པར་དོ་སྣང་བྱུང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་སུའུ་ཏན་གྱི་ཞི་བདེ་བརྟན་ལྷིང་གི་སྤྱི་ཡོངས་ལ་དམིགས་ནས། སུའུ་ཏན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ངེས་རེད་ཅེས་བརྗོད་པ་རེད།