འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་མི་དམངས་ཞིབ་
དཔྱོད་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་02ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཅ་ཧྥེང་ཧྥེང་།
    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་ནས་བཅའ་ཁྲིམས་ཀྱི“བཙན་ཐབས”དང་མི་དམངས་འདུམ་འགྲིག་གི“འཇམ་ཐབས”ཟུང་འབྲེལ་བྱས་ཏེ། ཞུ་གཏུག་མ་བརྒྱབ་གོང་གི་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་བའི་འདུ་ཤེས་དེ་གྱོད་གཞི་སྒྲུབ་གཉེར་གྱི་རྒྱུན་གཏན་ལས་དོན་ནང་བཅུག་ནས་ཞུ་གཏུག་མ་བརྒྱབ་གོང་གི་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “ཞིབ་དཔྱོད་དང་འདུམ་འགྲིག་ཟུང་སྦྲེལ”དང་། “ས་ཁོངས་ལས་སྒྲོལ་བའི་མཉམ་ལས”“ཁྲིམས་འཛིན་རོགས་སྐྱོབ”བཅས་ཀྱི་བཅོས་སྐྱོང་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ཏེ། འགལ་ཟླ་དང་རྩོད་གཞི་ཞིབ་དཔྱོད་ལྷུ་ཚིགས་སུ་སྤུས་ཚད་མཐོན་པོས་བསལ་ནས“གཏུག་བཤེར་བྱེད་མཁན་སོ་སོའི་རང་ཉིད་ཡིན་པའི”འདུ་ཤེས་ལ་བརྟེན་ཏེ་ཀུན་སེམས་གཅིག་ཏུ་བསྒྲིལ་ཡོད།
    “ཞིབ་དཔྱོད་དང་འདུམ་འགྲིག་ཟུང་སྦྲེལ”གཏིང་ཟབ་བྱས་ནས་ཞུ་གཏུག་མ་བརྒྱབ་གོང་གི་འགལ་ཟླ་དང་རྩོད་གཞི་སེལ་བའི་འདུ་ཤེས་དེ་གྱོད་གཞི་སྒྲུབ་གཉེར་གྱི་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཁྱབ་པར་བྱས་ཡོད།
    ལོ་གཉིས་ཀྱི་གོང་གི་དེ་རིང་དང་འདྲ་བའི་གྲང་ངར་ཆེ་བའི་དགུན་དུས་ཤིག་ལ། མཐོ་སྒང་དུ་གྲང་རླུང་འུར་འུར་ལྡང་བཞིན་ཡོད་མོད། དར་ལག་རྫོང་སྨར་འབྲིང་ཤང་ཚ་རྒན་གྲོང་ཚོའི་གྲོང་མི་རྡོ་ཆེ་གེ་མོའི་སེམས་ནང་ཁོང་ཁྲོའི་མེ་ལྕེ་ཆུང་ཆུང་ཞིག་འབར། ཁྱིམ་མཚེས་སྐལ་ཆེ་གེ་མོའི་ཁྱིམ་གྱི་ནོར་སླར་ཡང་རང་ཁྱིམ་གྱི་རྩྭ་རར་བརྒྱབ་ཡོད། མ་གཞི་དེ་སྔོན་ཐེངས་མང་བཤད་མྱོང་མོད། འོན་ཀྱང་ཁོ་པས་སྔར་བཞིན་སྣང་བ་གཏན་ནས་གཏོང་གི་མེད། “དུས་ཚིགས་འདིར་རྩྭ་ཐང་སྐྱ་ཟད་སྔོ་གཏུག་ལ་ཐུག་ཡོད་པས་ཁྱིམ་ཚང་ཚང་མས་གཟན་རྩྭ་ཁ་གསབ་ཏུ་སྟེར་དགོས་ཀྱི་ཡོད། རྩྭ་སྐམ་པོ་ཕྲན་ཙམ་བཟས་པ་ནི་གནད་དོན་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་རྩྭའི་རྩ་བ་བཟས་ན་ཕྱི་ལོའི་ལོ་གཅིག་གི་རྩྭའི་ཐོན་ཚད་ལ་ཤུགས་རྐྱེན་ཐེབས་ངེས” ཡུན་རིང་སྡུག་རུས་བྱས་ནས་བསྡད་པའི་རྡོ་ཆེ་གེ་མོས་སྐལ་ཆེ་གེ་མོའི་བཟའ་ཟླ་བློ་ཆེ་གེ་མོ་བཙལ་ནས་སྐད་ཆ་སྙན་པོ་ཚིག་ཁ་ཤས་བཤད། འོན་ཀྱང་ཁོང་ཚོས་སྐད་ཆ་དེ་དག་ལ་ཁ་ཡ་གཏན་ནས་མ་བྱས་པས་རྡོ་ཆེ་གེ་མོ་ཁོང་ཁྲོ་ཆེན་པོ་ལངས། དེར་བརྟེན་རྡོ་ཆེ་གེ་མོ་དང་བློ་ཆེ་གེ་མོ་གཉིས་གཞུ་རེས་ཐུག་པ་མ་ཟད། རྡོ་ཆེ་གེ་མོའི་བུ་དང་སྐལ་ཆེ་གེ་མོའང་རྒྱག་རེས་ནང་ཞུགས། ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བའི་འོག་སུ་ལ་ཕན་པ་ཐོབ་སྲིད་དམ། མཐར་རྡོ་ཆེ་གེ་མོའི་སོ་གཉིས་བཀོག་པ་དང་བློ་ཆེ་གེ་མོ་ལའང་རྨས་སྐྱོན་ཅུང་ཕོག
    རེ་ཞིག་བཟོད་པ་མ་སྒོམ་ན། ཆག་སྒོའི་སྒོ་མོ་ཕྱེ་ཉེན་ཆེ། སྤྱིར་བཏང་གི་འགལ་ཟླ་ཞིག་ཉེས་དོན་གྱོད་གཞིར་གྱུར་ཞིང་། སྐལ་ཆེ་གེ་མོས་རྐང་བཙུགས་ནས་རྡོ་ཆེ་གེ་མོར་རྨས་སྐྱོན་ཅུང་བཏང་བ་དེར་རྐང་བཙུགས་ནས་མི་གཞན་ལ་གནོད་འཚེ་བཏང་བའི་ཉེས་གསོག་གི་དོགས་གཞི་ཡོད་པར་བརྟེན། གྱོད་གཞི་དེ་གང་མགྱོགས་དར་ལག་རྫོང་ཞིབ་དཔྱོད་ཁང་དུ་འབྱོར།
    ཕྱོགས་ཡོངས་ནས་ཡིག་ཆར་ལྟ་བ་དང་། བསམ་འཆར་ཉན་པ། ས་གནས་ས་ཐོག་ཏུ་བཅར་འདྲི་བཅས་བྱེད་སྐབས། དར་ལག་རྫོང་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཆོས་ཉིད་སྒྲོལ་མས་བརྟག་དཔྱད་ཞིབ་བསྡུར་བྱེད་རིང་། སྐལ་ཆེ་གེ་མོ་དང་རྡོ་ཆེ་གེ་མོ་གཉིས་དབར་གྱི་རྩྭ་ར་ཧབ་ཐོབ་བརྒྱབ་པའི་རྩོད་གཞི་དེ་ནི་ས་གནས་དེ་ག་གཅིག་པུར་ཐོན་པའི་དམིགས་བསལ་གྱོད་གཞི་ཞིག་གཏན་ནས་མིན་པ་སྟེ། འབྲོག་ཁུལ་དུ་ཕྱུགས་རིགས་གསོ་ཚགས་བྱ་རྒྱུ་ནི་དར་ལག་རྫོང་གི་མི་སེར་གྱི་ཆེས་གལ་འགངས་ཆེ་བའི་འཚོ་གནས་ཤིག་ཡིན་མོད། འོན་ཀྱང་ཁྱིམ་ཚང་ཁག་གི་རྩྭ་རའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་དང་ས་དབྱིབས་ཀྱི་ཤུགས་རྐྱེན་ཕོག་པས་ཁུག་ཁུག་ཚང་མ་གནད་ལ་འཁེལ་པོས་དབྱེ་མཚམས་གསལ་པོ་འབྱེད་ཐབས་བྲལ། དེར་བརྟེན་རྟག་ཏུ་རྩྭ་རའི་རྩོད་གཞི་ཐོན་གྱི་ཡོད།
    ཆོས་ཉིད་སྒྲོལ་མས་ཕྱོགས་གཅིག་ནས་སྐལ་ཆེ་གེ་མོའི་ཁྱིམ་དུ་བསམ་བློའི་སློབ་གསོ་རྒྱག་པར་བསྐྱོད་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་དེ་གའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་པ་ཁྲིད་དེ་རྡོ་ཆེ་གེ་མོའི་ཁྱིམ་དུ་འདུམ་འགྲིག་བྱེད་པར་བསྐྱོད་ནས་རྡོ་ཆེ་གེ་མོར་བཅའ་ཁྲིམས་སྐོར་འགྲེལ་བཤད་བརྒྱབ་པ་རེད། ཟླ་བ་གཉིས་ལྷག་ཙམ་རིང་ཕར་རྒྱུག་ཚུར་རྒྱུག་བྱས་མཐར་ཕྱོགས་གཉིས་པོའི་དབར་མཐུན་འགྲིག་བྱུང་ཡོད།
    “ཁྲིམས་གཏན་འཁེལ་བའི་ཆ་རྐྱེན་དང་མཐུན་ཞིང་དོ་བདག་ཕྱོགས་གཉིས་ཀར་འདུམ་འགྲིག་བྱེད་འདོད་ཡོད་པའི་གྱོད་དོན་ལ་ང་ཚོས་མི་དམངས་འདུམ་འགྲིག་པའི“འགོག་སྲུང་འཛིང་རགས་དང་པོའི”ནུས་པ་གང་ལེགས་བཏོན་ཏེ། ཁོངས་གཏོགས་ཤང་དང་གྲོང་རྡལ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ《མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་ཐག་གཅོད་བྱེད་པར་སྐྱེལ་བའི་ཡི་གེ》བཟོས་ནས། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་བྱེད་པར་བསྐྱལ་ཏེ། གྱོད་གཞིའི་འགལ་ཟླ་ཞུ་གཏུག་མ་བརྒྱབ་གོང་འདུམ་འགྲིག་བྱེད་པའི་གཙོ་གནད་དུ་བཞག་པ་དང་། ‘ཁྲིམས་ལ་བརྟེན་ནས་གནས་ལུགས་ཤོད་པ་དང་། ཏང་ཨུད་ཀྱིས་འདུམ་འགྲིག་བྱེད་པ། ཡོངས་བསྒྲགས་ངང་ཁུངས་སྐྱེལ་དག་འབུད་བྱེད་པ’བཅས་ཀྱི་ཞིབ་དཔྱོད་དང་འདུམ་འགྲིག་ཟུང་འབྲེལ་བྱེད་སྟངས་བརྒྱུད་དོ་བདག་ཕྱོགས་གཉིས་པོའི་དབར་འདུམ་འགྲིག་གྲོས་མོལ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད” དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་སྐལ་བཟང་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཁྲིམས་ཁང་ཡོངས་ཀྱིས《མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་ཐག་གཅོད་བྱ་རྒྱུར་བསྐྱལ་བའི་ཡི་གེ》ཁྱོན་15བཟོས་ནས་བཏོན་པ་དང་། འགལ་ཟླ་དང་རྩོད་གཞི་ཁག་14བདེ་བླག་ངང་འདུམ་འགྲིག་བྱས་པས། ‘བཅའ་ཁྲིམས་ཀྱི་མདུད་པ’དང‘སེམས་ཀྱི་མདུད་པ’སེལ་བའི་ཕན་འབྲས་བཟང་པོ་ཐོན་ཡོད།
    “ཁྲིམས་འཛིན་རོགས་སྐྱོབ”བྱེད་སྟངས་གསར་གཏོད་བྱས་ཏེ་ལས་དོན“སྒུག་ནས་སྡོད་པ”ནས“སྒོ་ཁར་སྒྲུབ་པའི”བར་འགྱུར་བ་ཕྱིན་ཡོད།
     མང་ཚོགས་ཀྱིས“དར་ལག་ཞིབ་དཔྱོད”ཀྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ནས“ཞབས་ཞུའི”ལེ་ཚན་ཞེས་པ་བསྣན་ཚེ། བཅའ་ཁྲིམས་རོགས་སྐྱོབ་དང་། ཁྲིམས་འཛིན་རོགས་སྐྱོབ། གསལ་འདེབས་དང་ལེན་སོགས་དམངས་ཕན་ཞབས་ཞུའི་ནང་དོན་ལ་རིམ་པ་བཞིན་ལྟ་ཐུབ། “དགོས་མཁོ་ཡོད་པའི་མང་ཚོགས་ལ་དམིགས་ཏེ་ཐོབ་ཐང་ལག་ཁྱེར་བརྒྱུད་སྐྱེལ་དང་། རེ་ཞུ་འབྲི་བ། དོ་དམ་པའི་ཞིབ་བཤེར། དཔྱད་ཡིག་ཞིབ་ཕྲ་འབྲི་བ་སོགས་གོ་རིམ་བརྒྱུད་ཁྲིམས་འཛིན་རོགས་སྐྱོབ་རེ་ཞུ་བྱེད་ཆོག་པ་མ་ཟད། ང་ཚོས་ད་དུང་བོད་རྒྱ་སྐད་ཡིག་གཉིས་ཀྱི་པར་གཞི་དང་དེ་བཞིན་སྐད་སྒྲའི་ལན་འཇོག་སོགས་སྐར་ཁུང་ཆེད་མངགས་བཏོད་ནས་ཚད་གཞི་མཐོ་ཤོས་དང་མྱུར་ཚད་མགྱོགས་ཤོས་ལ་བརྟེན་ནས་ཚང་མས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཡོད” ཅེས་སྐལ་བཟང་རྡོ་རྗེས་བརྗོད།
     ཁྲིམས་འཛིན་རོགས་སྐྱོབ་ཡག་པོ་བྱེད་པར“གནས་ལུགས”ཤོད་དགོས་ལ“བརྩེ་བ”ཡང་འཆང་དགོས། དཔེར་ན། སྒེར་གྱི་གསང་དོན་དང་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་མེད་པའི་དཔང་ཉན་ཚོགས་འདུ་ཡུལ་དངོས་ནས་ཐད་གཏོང་བྱས་ཏེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་དེས། མང་ཚོགས་ཀྱིས་ལྟ་སྐུལ་དང་ལེན་ཐུབ་ནས་ཁྲིམས་འཛིན་དྲང་གཞག་མཚོན་པ་དང་དུས་མཚུངས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དང་ཉེན་བརྡ་གཏོང་བའི་ནུས་པ་ཐོན་པ་དང་། ཁྲིམས་རྩོད་པ་འདུམ་འགྲིག་ནང་ཞུགས་རྒྱུར་གདན་དྲངས་ནས་གྲོང་གསེབ་ཀྱི་འདུམ་འགྲིག་པའི་བཅའ་ཁྲིམས་ཤེས་བྱ་ཆེད་ལས་མིན་པ་དང་ཞིབ་དཔྱོད་དཔོན་གྱི་འདུམ་འགྲིག་ལ་མི་འདོད་པའི་བསམ་ཚུལ་ཡོད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། ན་ནིང་དར་ལག་རྫོང་གིས་ཁྱོན་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་ཁག་6སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་དང་ཁྱོན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་24སྤྲད་ནས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཁུངས་སྣེའི་ལས་སྟེགས་དེ་དངོས་འབྲེལ་མང་ཚོགས་ཀྱི“དྲོ་སྐྱིད་ཀྱི་ཟམ་པར”གྱུར་པར་བྱས་པ་སོགས་རེད། དེའི་ཐད་སྐལ་བཟང་རྡོ་རྗེར་མྱོང་ཚོར་ཟབ་མོ་ཡོད་པ་སྟེ། ཁོང་གིས“ང་ཚོས་ཁྲིམས་འཛིན་རོགས་སྐྱོབ་དང་། སློབ་གསོ། འཕྲོད་བསྟེན་བདེ་ཐང་། གྲོང་གསེབ་དར་རྒྱས་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ། སྡེ་ཚན་མང་པོས་མཉམ་དུ་ཤུགས་བརྒྱབ་པས་རོགས་སྐྱོབ་བྱ་ཡུལ་ས་ཆ་གཞན་ལ་སློབ་གྲྭ་འགྲེམས་པ་དང་། རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད། གནས་སྐབས་རོགས་སྐྱོབ་སོགས་ཕྱོགས་མང་པོའི་ཐད་ཀྱི་རོགས་སྐྱོབ་ཐོབ་པ་དང་། དཀའ་ངལ་འཕྲད་པའི་ན་སོ་དར་ལ་མ་བབས་པའི་མིར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་དུས་མཚུངས། ཁྲིམས་འཛིན་རོགས་སྐྱོབ་བྱས་རྗེས་རྫོང་གྲོང་གསེབ་དར་རྒྱས་ཅུས་དང་ཁྲིམས་འཛིན་རོགས་སྐྱོབ་བྱ་ཡུལ་གནས་སའི་ཤང་དང་གྲོང་རྡལ་ལ་ཁྲིམས་འཛིན་རོགས་སྐྱོབ་གནས་ཚུལ་སྐྱེལ་སྤྲོད་ཧུར་ཐག་བྱས་ནས། དབུལ་ལོག་སྔོན་འགོག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། རང་སར་མི་བཞག མི་སར་རང་བསྡད་ནས་ལས་དོན་སྤེལ་བས་ཁྲིམས་འཛིན་ལས་མི་སེམས་ལ་སྔར་བས་དྲོ་སྐྱིད་སྦྱིན་པ་མ་ཟད། ད་དུང་ཡིད་ཆེས་དང་སྟོབས་ཤུགས་དེ་བས་མང་པོ་གཅིག་ཏུ་སྒྲིལ་ཐུབ་པ་དེ་ནི་ཕྱོགས་མང་པོར་ཕན་པ་ཞིག་རེད”ཅེས་བརྗོད།
    “གོམ་སྟབས་རྗེས་མར་ང་ཚོས་དུས་རབས་གསར་པའི‘ཧྥེང་ཆའོ་ཡི་ཉམས་མྱོང’མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་བཏང་ནས་ལྟ་སྐུལ་དང་ཞུ་གཏུག་འདུམ་འགྲིག་གལ་ཆེ་མཉམ་འཛིན་ཧུར་ཐག་བྱེད་པ་དང་། བསམ་བློ་མང་ཙམ་གཏོང་བ་དང་ལག་ལེན་མང་ཙམ་བསྟར་བ། མང་ཚོགས་ལ་བརྟེན་ནས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་རྩོད་གཞི་སེལ་བར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་ལ་བརྟེན་ནས་མི་ཆོས་རིག་གནས་ལ་སེམས་ཁུར་ཟམ་མི་ཆད་པར་བྱེད་པ། ཉམས་ཞན་ཚོགས་སྤྱིའི་དམངས་དོན་ཁེ་དབང་ལ་འགན་ལེན་གང་ལེགས་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་། འདུམ་འགྲིག སེལ་བ་བཅས་བརྒྱུད་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ཁྲིམས་སྐྱོང་སྟོབས་ཤུགས་དེ་བས་མང་བ་གཅིག་སྡུད་བྱེད་ཀྱི་ཡིན”ཞེས་སྐལ་བཟང་རྡོ་རྗེས་བརྗོད།