འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་
འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

——ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་བློ་མཐུན་རྒན་གྲས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་01ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་1ཚེས་29ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ནས། འདིར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ།
ཟླ་1ཚེས་29ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ནས། འདིར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་རྒན་གྲས་ལ་འཚམས་འདྲི་ཞུ་བའི་དཔྱིད་གསར་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་ནས། འདི་གར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ་རེད།
     སྐད་གསང་མཐོན་པོས་དམག་གླུ་བླངས་ནས་དཔྱིད་གསར་བསུས། དམག་དཔུང་སྟོབས་ཆེར་བཏང་ནས་རྒྱང་ལམ་གསར་པ་འགྲིམ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་ཆེད་དུ་དང་། དེ་བཞིན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ཀྱིས་ཀྲུང་གོ་ཟློས་གར་ཁང་དུ་མཉམ་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་རེད།
     ཕྱི་དྲོའི་ཆུ་ཚོད་4པ་ཡོལ་ཙམ་ལ། ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཀྱི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིན་ཕིང་གིས་ཁོང་ཚོའི་བདེ་ཐང་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་བཀའ་འདྲི་གནང་བ་མ་ཟད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག འདས་ཟིན་པའི་ལོ་གཅིག་ནང་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་མཉམ་དུ་ཕྱིར་དྲན་ཡང་གནང་བ་རེད། བློ་མཐུན་རྒན་གྲས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ། གདེང་ཚོད་བརྟན་གཏོང་དང་། སྙིང་སྟོབས་ཆེར་སྐྱེད། མཐུན་སྒྲིལ་ཡར་བརྩོན་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཆེད་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་ཆོད་སེམས་མགྲིན་གཅིག་ཏུ་མཚོན་པར་བྱས་པ་རེད།
     འཁྲབ་སྟོན་དེས“དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་ཧུར་ཐག་བྱེད། དམག་དཔུང་སྟོབས་ཆེའི་བྱ་གཞག་ཆེད་དུ་བྱས་རྗེས་འཇོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རིག་རྩལ་རྟ་དམག་རུ་ཁག་གིས་དམག་མིར་ཞབས་འདེགས་ཞུ་བའི་གདོད་མའི་རྣམ་པའི་ཐོག་ནས་མངོན་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་གྲུབ་འབྲས་རླབས་པོ་ཆེ་གསོན་ཉམས་དོད་པོས་མཚོན་པ། དམག་ཡོངས་ཀྱི་དཔོན་དམག་གིས་ལྷག་བསམ་རྣམ་དག་ངང་སྲོག་ཤིང་ལ་སྲུང་སྐྱོང་དང་དམག་དཔུང་སྟོབས་ཆེན་དང་རྩེར་སོན་ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་སྐྱོད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པ་བཅས་བྱས་ཡོད། འཁྲབ་སྟོན་ཧྲིལ་པོ་སྟབས་བསྡུས་ལ་བབ་ཆགས་པ་དང་བརྗིད་ཉམས་དོད་ལ་དཔའ་མཛངས་ལྡན་ཞིང་། དེ་ལས་དམག་དཔུང་སྟོབས་ཆེར་གཏོང་བའི་རིག་གནས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་བཞིན་ཡོད།
     ཀྲང་ཡིའུ་ཞ་དང་། ཧོ་ཝུའེ་ཏུང་། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་ཀྱིས་འཁྲབ་སྟོན་ལ་ལྷན་དུ་གཟིགས་པ་རེད།
     འཁྲབ་སྟོན་ལ་གཟིགས་མཁན་གྱི་གྲས་སུ་ད་དུང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགོ་ཁྲིད་དང་དཔུང་སྡེའི་དཔོན་དམག་གི་འཐུས་མི་ཡོད་པ་རེད།
     (སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)