འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀླད་འཁོར་མཐུད་ཁའི་སྒྲིག་ཆས་མི་ལུས་ལ་སྤོ་འཛུགས་ལེགས་འགྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་31ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཨ་རིའི་ཁེ་ལས་པ་གྲགས་ཅན་ཨའེ་ལུང•མ་སི་ཁེ་ཡིས་ཚེས་29ཉིན་བསྟན་དོན། ཁོང་གི་མངའ་འོག་གི་ཀླད་པ་དང་འཕྲུལ་འཁོར་མཐུད་ཁ་ཀུང་སི“དབང་རྩ་འབྲེལ་མཐུད”ཟེར་བ་དེས་ཚེས་28ཉིན་ཀླད་པ་དང་འཕྲུལ་འཁོར་མཐུད་ཁའི་སྒྲིག་ཆས་ཐེངས་དང་པོར་མི་ལུས་ལ་སྤོ་འཛུགས་བྱས་ཤིང་། མིག་སྔར་སྤོ་འཛུགས་བྱ་ཡུལ་སླར་གསོ་ཡག་པོ་བྱུང་ཡོད། 
མ་སི་ཁེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་X(དེ་སྔའི་ཐུའེ་ཐེ)སྟེགས་བུའི་ཐོག་རྩོམ་ཡིག་སྤེལ་ནས། ཐོག་མའི་གྲུབ་འབྲས་ལ་གཞིགས་ན། སྤོ་འཛུགས་རྣམ་པའི་ཀླད་པ་དང་འཕྲུལ་འཁོར་མཐུད་ཁའི་སྒྲིག་ཆས་ལ་བརྟེན་ནས་དབང་རྩའི་ནད་གཞིའི་འབྲེལ་ཡོད་གློག་གནས་ཞིབ་དཔྱད་བྱེད་པའི་མདུན་ལམ་ཧ་ཅང་ཡག་པོ་ཡོད། 
   མ་སི་ཁེ་ཡིས་མཚམས་སྦྱོར་བྱས་པར་གཞིགས་ན། “དབང་རྩ་འབྲེལ་མཐུད”ཀུང་སིའི་ཀླད་པ་དང་འཕྲུལ་འཁོར་མཐུད་ཁའི་ཐོན་རྫས་ཐོག་མའི་མིང་ལ“སེམས་ཁམས་ཚོར་བྱེད”ཟེར། ཀླད་པའི་ནང་སྒྲིག་ཆས་དེ་བཙུགས་རྗེས། བསམ་པར་བརྟེན་ལག་ཁྱེར་ཁ་པར་དང་གློག་ཀླད་ཚོད་འཛིན་བྱེད་ཐུབ་པ་མ་ཟད། དེ་དག་བརྒྱུད་ནས་སྒྲིག་ཆས་ཚང་མར་ཚོད་འཛིན་བྱེད་ཐུབ།
   མ་སི་ཁེ་ཡིས་བཤད་དོན། ཐོན་རྫས་འདི་སྤྱོད་མཁན་ཁག་དང་པོ་ནི་རྐང་ལག་གི་ནུས་པ་ཤོར་མཁན་ཡིན། “བསམ་བློ་ཞིག་ཐོངས་དང་།(གལ་ཏེ་ཀླད་འཁོར་མཐུད་ཁའི་སྒྲིག་ཆས་བཙུགས་ཚེ)སི་ཏི་ཧྥེན•ཧོ་ཅིན་གྱི་འབྲེལ་འདྲིས་མྱུར་ཚད་དེ་ཆེད་ལས་ཀྱི་ཡི་གེ་གཏག་མཁན་ཞིག་ལས་ཀྱང་མགྱོགས་པར་འགྱུར་ངེས་ལ། དེ་ནི་ང་ཚོའི་དམིགས་འབེན་ཡིན”ཞེས་བརྗོད། 
    “དབང་རྩ་འབྲེལ་མཐུད”ཀུང་སི་དེ་2016ལོར་བཙུགས་པ་དང་། སྤོ་འཛུགས་རྣམ་པའི་ཀླད་པ་དང་འཕྲུལ་འཁོར་མཐུད་ཁའི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ལ་གཞོལ་ཀྱི་ཡོད། ཀུང་སི་དེས་སྒྲིག་ཆས་དེ་རིགས་ཀླད་པའི་ནང་བཅུག་རྗེས་ཀླད་པའི་འགུལ་སྐྱོད་བརྡ་རྟགས་ཀློག་ཐུབ་པས། དེ་ནི་དྲན་ཤེས་ཉམས་པ་དང་། སྐེ་ཚིགས་ལ་རྨས་སྐྱོན་ཐེབས་པ། དེ་བཞིན་དབང་རྩའི་མ་ལག་གི་ནད་གཞི་གཞན་དག་གསོ་བཅོས་བྱས་ནས་ཞ་བོ་ཚོ་ཕྱི་རོལ་དང་འབྲེལ་འདྲིས་སླར་གསོ་བྱེད་རོགས་དང་། ཐ་ན་བསྐྱར་དུ་འགྲོ་སྐྱོད་ཐུབ་རྒྱུའི་རེ་བ་ཡོད།
    ན་ནིང་ཟླ་5པར། ཀུང་སི་དེར་ཨ་རིའི་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ཀྱི་ཆོག་མཆན་ཐོབ་ནས། སྒྲིག་ཆས་དེ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་འགོ་བཙུགས་པ་དང་། ལོ་དེའི་ཟླ་9པར་ཀུང་སི་དེས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་མཁན་དང་བླངས་པ་བསྡུས་ཡོད།