འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ“ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་
སྦྱིན་པའི”སྤྱི་ཕན་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་30ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི“ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་དཔྱིད་གསར་གྱི་འཚམས་འདྲིའི་བྱེད་སྒོ་པེ་ཅིང་མོན་ཐོའུ་ཀོའུ་ཆུས་སུ་སྤེལ་བ་རེད།
   བྱེད་སྒོ་སྤེལ་རིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཅེས་སེམས་སྐྱེད་མའི”གཅེས་སྐྱོང་དཔུང་ཁག་ལ་དར་ཆ་སྤྲད་པ་མ་ཟད། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་འཐུས་མིར་སྐྱེད་མའི་སྦྲག་བསྐུར་དང་དཔྱིད་གསར་གྱི་གཅེས་སྐྱོང་ལག་རྟགས་ཀྱང་སྤྲད་པ་རེད། ཏང་ཡོན་ལས་བྱེད་པ་སྡེ་ཁུལ་དུ་བསྐྱོད་དེ་དགུན་ཁའི་གུང་གསེང་རིང་གི་བྱིས་པར་གཅེས་སྐྱོང་དང་ཞབས་ཞུའི་བྱེད་སྒོའི་ནང་ཞུགས་པ་རེད།
   མོན་ཐོའུ་ཀོའུ་ཆུས་ཁྲེང་ཙེ་ཁྲོམ་གཞུང་རིག་གནས་ལྟེ་གནས་སུ་སྤེལ་བའི“ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་བྱ་སྤྱོད་ཀྱི་ཕ་བུའི་བྱེད་སྒོའི་ཁྲོད་མོན་ཐོའུ་ཀོའུ་ཆུས་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་ཟོན་མི་སྣས་གྲོགས་པོ་ཆུང་ཆུང་ཚོར་བདེ་འཇགས་སློབ་གསོའི་སློབ་ཚན་ཁྲིད་དེ་ཁོང་ཚོར་མེ་ཟོན་དང་། མེ་གསོད། ཁ་འགྲེམས་ནས་སྲོག་ཉེན་ལས་ཐར་ཐབས་སོགས་མེ་ཟོན་བདེ་འཇགས་ཤེས་བྱ་བསླབ་པ་རེད། ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོས་ད་དུང་ཕ་བུའི་དཔེ་ཀློག་དང་ཁྲ་མའི་སྦྱར་རིས་འབྲེག་པ་སོགས་ཀྱི་བྱེད་སྒོ་མཉམ་དུ་སྤེལ་བ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། “ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་བྱ་སྤྱོད་དེ་སྒྲིག་འཛུགས་ཀྱིས་གསོ་སྦྱོང་བྱས་པ་བརྒྱུད“གཅེས་སེམས་སྐྱེད་མའི”གཅེས་སྐྱོང་དཔུང་ཁག་གི་ཆེད་ལས་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སེམས་ཁམས་གཅེས་སྐྱོང་དང་། འཚོ་བའི་རོགས་རམ། བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ཆ་སྒྲིག་གཅེས་སྐྱོང་གི་ཞབས་འདེགས་ཞུས་ནས་འཆམ་མཐུན་གྱི་ཁྱིམ་ཚང་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་རྒྱུ་རེད། 2024ལོར་བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་རྫོང་50རུ་སྤེལ་རྒྱུ་རེད།