འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་
བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ལོ་60ཡི་གོང་། ཀྲུང་གོ་དང་ཧྥ་རན་སེས་འཇམ་འཐབ་ཀྱི་དཀའ་གནད་སེལ་བ་དང་དཔུང་ཤོག་གི་འགལ་རྐྱེན་ཆེན་པོ་ལས་བསྒྲལ་ནས་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་འབྲེལ་བ་བཙུགས་ཤིང་། ལོ་རྒྱུས་ཀྱི་དོན་རྐྱེན་འདི་ལས་འཛམ་གླིང་གི་གནས་བབ་གླེང་མོལ་དང་མཉམ་ལས་ཀྱི་ཡང་དག་པའི་ཕྱོགས་སུ་རིམ་འགྱུར་ཡོང་བར་སྐུལ་འདེད་ཐུབ་ནས་ད་བར་སྔར་བཞིན་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་60ཡི་རིང་། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་རང་བཙན་རང་བདག་གི་འཐབ་ཇུས་གདམ་ག་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གཉིས་ཕན་མཉམ་ལས་བརྒྱུད་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་དང་། འདྲ་མཉམ་སྤེལ་རེས་བརྒྱུད་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད། ཕྱོགས་མང་མཐུན་སྦྱོར་བརྒྱུད་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ལ་ཐོག་མཐའ་བར་གསུམ་དུ་གཞོལ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བར“ཨང་དང་པོ”མང་པོ་བཏོད་དེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཆའི་འཛམ་གླིང་སླར་ཡང་འགག་རྩའི་ལམ་བཞི་མདོ་ཁར་སླེབས་ཡོད། གང་དུ་འགྲོ་མིན་གྱི་དུས་རབས་ཀྱི་དྲི་བ་དང་ལོ་རྒྱུས་ཀྱི་དྲི་བའི་མདུན་དུ་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཧྥ་རན་སེས་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཀྱིས་ལས་འགན་དང་འགན་འཁྲི་ཁུར་ནས་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་མིའི་རིགས་ཀྱི་འཕེལ་རྒྱས་འགྲོ་ལམ་ཐུན་མོང་ཐོག་གཏོད་དགོས། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་འཕེལ་རྒྱས་ལ་ངས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ། གཞུང་འཁྱོངས་གསར་འབྱེད་དང་སྔ་འཛིན་ཕྱི་གཏོད་ཀྱིས་ཀྲུང་གོ་དང་ཧྥ་རན་སེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བས་བརྟན་ལ་གསོན་ཤུགས་ལྡན་པ་ཞིག་ཏུ་བཏོད་དེ། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
   མ་ཁེ་ལུང་གིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་དོན། ལོ་60ཡི་གོང་ཧྥ་རན་སེ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་པ་ནི་མིག་རྒྱང་རིང་བའི་ལོ་རྒྱུས་རང་བཞིན་གྱི་གཏན་འབེབས་ཤིག་རེད། དེང་སྐབས་འཛམ་གླིང་ལ་སྔར་བྱུང་མྱོང་མེད་པའི་ཉམས་ཉེན་འཕྲད་བཞིན་ཡོད་པས། ཧྥ་རན་སེ་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོས་དེ་བས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ཐུན་མོང་གི་ཐག་གཅོད་ཇུས་གཞི་འཚོལ་དགོས། 2023ལོ་ནི་ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་དང་གསོན་ཤུགས་འཕེལ་བའི་ལོ་ཞིག་ཡིན་པ་དང་། 2024ལོ་ནི་ཧྥ་རན་སེ་དང་ཀྲུང་གོའི་མཉམ་ལས་སྔར་བས་བྱེད་ཟབ་ཏུ་འགྲོ་བའི་ལོ་ཞིག་ཡིན་ངེས་རེད། ང་རང་གིས་ཀྲུའུ་ཞི་མཆོག་དང་ལྷན་དུ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། མི་ཆོས་རིག་གནས། གཞོན་ནུ་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་གནད་དོན་ཐད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཧྥ་རན་སེ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཧུར་སྐྱེད་ཡར་བརྩོན་གྱི་གསོན་ཤུགས་ལ་བརྟེན་ནས་ཧྥ་རན་སེ་དང་ཀྲུང་གོའི་འབྲེལ་བའི་རབ་བྱུང་གསར་པ་གཏོད་པའི་རེ་སྒུག་བྱེད་ཀྱི་ཡོད།