འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དགུན་དུས་དབུགས་ལམ་ནད་ཀྱི་འགོག་བཅོས་
གནས་ཚུལ་ངོ་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་29ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཏོག་གསར་རིམས་ནད་སྔར་བཞིན་ཐོན་ཉུང་བ།
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། དགུན་དུས་དབུགས་ལམ་ནད་ཀྱི་འགོག་བཅོས་དང་བདེ་ཐང་དྲན་སྐུལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་དང་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཏོག་གསར་རིམས་ནད་སྔར་བཞིན་ཐོན་ཉུང་བ་དང་། ཆམ་རིམས་ཐོན་ཚད་ཉུང་དུ་འགྲོ་བཞིན་ཡོད་པ། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་དང་མྱུར་སྐྱོབ་སྨན་ཁང་དུ་ཉིན་རེར་དབུགས་ལམ་ནད་སྨན་བཅོས་བྱེད་ཚད་མུ་མཐུད་ཆག་པ། སྨན་བཅོས་སྒྲིག་ལམ་སྤྱིར་ན་བརྟན་པོ་དང་གོ་རིམ་ལྡན་པ་བཅས་ཡོད།
   ཀྲུང་གོ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་འགོ་ནད་དོ་དམ་ཁྲུའུ་དབུགས་ལམ་འགོ་ནད་ཁང་གི་ཀྲུའུ་རེན་ཕེང་ཀྲི་པིན་གྱིས། ཉེ་ཆར། རྒྱལ་ཡོངས་སུ་ཏོག་གསར་རིམས་ནད་སྤྱིའི་ཆ་ནས་ཐོན་ཉུང་བ་དང་། ནད་དཔེའི་སྙན་ཞུ་དང་དམིགས་བཙུགས་སྨན་ཁང་གི་ཞིབ་དཔྱད་ཚད་ལེན་བྱས་འབྲས་གདགས་གཤིས་ཡིན་ཚད་སོགས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞིར་བལྟས་ཚེ། ནད་དཔེ་མང་དུ་འགྲོ་བའི་སྣང་ཚུལ་ཐོན་ཡོད་མོད། འོན་ཀྱང་འཕར་ཚད་ཅུང་ཉུང་ཉུང་རེད། སྔོན་དཔག་བྱས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་གི་སྔ་ནུབ་ཏུ་མི་ཚོགས་གཞི་ཁྱོན་ཆེན་པོས་འགྲོ་སྐྱོད་དང་། གཉེན་ཉེ་ཐུག་འཕྲད། དགའ་སྟོན་དང་འདུ་འཛོམས་བྱེད་མང་དུ་འགྲོ་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ལས་ཏོག་གསར་རིམས་ནད་ཚད་གཞི་ངེས་ཅན་གྱི་ཐོག་ནས་ཐོན་མང་དུ་འགྲོ་བཟོ་ཡོད་ཅེས་བརྗོད།
   སྨི་ཧྥུང་གིས། དཔྱིད་གསར་སྐྱེལ་འདྲེན་རིང་། མི་ཚོགས་འགྲོ་སྐྱོད་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་མང་དུ་ཕྱིན་ནས་དབུགས་ལམ་གྱི་རིམས་ནད་འགོ་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པས། ཚང་མས་རྡོག་ཐོན་མ་བྱས་གོང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། ཡུལ་སྐོར་བྱེད་རིང་ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ། ལག་པ་ཡང་སེ་འཁྲུ་བ་དང་གློ་རྒྱག་སྐབས་ཁ་སྣ་འགེབས་པ་སོགས་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། འགོ་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བརྗོད།