འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གྲངས་གཞི་ལས་མངོན་པར། བོད་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་བཞིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་28ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་ཚོང་གཉེར་ཁོར་ཡུག་གི་སྤེལ་རེས་ཚོགས་འདུ་ཉེ་ཆར་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། བོད་རང་སྐྱོང་ལྗོངས་ཀྱིས“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་གཏིང་ཟབ་བྱས་པས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད།
     སྲིད་དོན་ཁོར་ཡུག་ཐད། བོད་ཀྱི་སྲིད་འཛིན་ཞིབ་མཆན་དོན་ཚན་གྱི་གྲངས་ཚད་347ནས་185བར་ཉུང་དུ་ཕྱིན་པ་དང་། སྒྲུབ་གཉེར་དུས་ཚོད་ལས་ཀའི་ཉིན་མོ་16.1ནས་12.4བར་ཉུང་དུ་བཏང་བ། སྲིད་དོན་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་སྒྲུབ་ཚད་100%ཟིན་པ། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ཁྲོམ་རའི་ཁོར་ཡུག་ཐད། ལྗོངས་ཡོངས་ཀྱི་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་དུད་ཚང་ཁྱོན་ཁྲི་49.26ཟིན་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་ཁྲི་2.37ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་13.18%དང་3.54%འཕར་ཡོད། ཁྲིམས་སྐྱོང་ཁོར་ཡུག་ཐད། 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》གི་ཁྲིམས་འཛུགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་ཚོང་གཉེར་ཁོར་ཡུག་གི་དམིགས་བསལ་གདན་ཞུས་ལྟ་སྐུལ་པའི་ལམ་ལུགས་སོགས་བཙུགས་ཡོད། མ་དངུལ་བསྡུ་སྒྲིལ་ཁོར་ཡུག་ཐད། བོད་ཀྱིས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་ལམ་ལུགས་བཙུགས་ནས། བྱ་དགའ་ཁ་གསབ་ཀྱི་ཚབ་བྱེད་པ་དང་། དབོར་གླའི་ཁ་གསབ། ཁག་ཐེག་གྲོན་ཚད་ཁ་གསབ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་ཡིད་རྟོན་ཞབས་ཞུའི་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཏེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་སྒྲིལ་ལ་ལས་སྟེགས་ཀྱི་རྒྱབ་སྐྱོར་བྱས་ཡོད།
     ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་རྒྱབ་ཤ་དཀར་པོའི་དེབ(2023ལོ)》དང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་རྒྱབ་ཤ་སྔོན་པོའི་དེབ(2023ལོ)》ཕྱི་ཕྱོགས་ལ་བཀྲམ་པ་དང་འབྲེལ། “བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་སྒྱུར་བཅོས་ཀྱི་དཔེ་མཚོན་ཆེན་པོ་བཅུ”ཁྱབ་བསྒྲགས་ཀྱང་བྱས་པ་རེད།
     ཁེ་ལས་742ཞུགས་པའི་བརྟག་དཔྱད་ལས་མངོན་པར། ཁེ་ལས་ཀྱིས་ཉེ་བའི་ལོ་གསུམ་ནང་བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་འགྱུར་ལྡོག་ཕྱིན་པའི་མྱོང་ཚོར་མངོན་གསལ་དོད་པོ་བྱུང་ནས་བོད་ཀྱི་ཚོང་གཉེར་ཁོར་ཡུག་ལ་གཞི་རྩའི་ཆ་ནས་བློ་ཡིད་ཚིམ་པོ་བྱུང་ཡོད།
     “འབྱུང་འགྱུར་ང་ཚོས་ཞིབ་ཕྲའི་སྲིད་དོན་ཞབས་ཞུའི་དོན་ཚན་དང་སྒྲུབ་གཉེར་བརྒྱུད་རིམ་ལ་གཞི་ཚུགས་ནས། ཆ་འཕྲིན་མཉམ་སྤྱོད་མང་ཙམ་བྱེད་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་པ་དང་། ཁྲོམ་རའི་དཀའ་གནད་དུས་ཐོག་ཏུ་སེལ་བ། དྲིལ་བསྒྲགས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་དེ་བས་ལེགས་སུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་ཅུས་ཀྱི་ཅུས་ཀྲང་ཝང་ཡིའུ་ཧྭ་ཡིས་བཤད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)