འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་དཔལ་འབྱོར་འཕེལ་ཚུལ་མུ་མཐུད་ལེགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་27ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2023ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2392.67ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ཚེ་ལོ་གོང་མ་ལས་9.5%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8.3གྱིས་མཐོ་རུ་ཕྱིན་ནས་དཔལ་འབྱོར་འཕེལ་ཚུལ་མུ་མཐུད་ལེགས་པའི་རྣམ་པ་ཐོན་ཡོད།
     2023ལོར་བོད་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་236.62ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2023ལོར་ཞབས་ཞུ་ལས་རིགས་ཀྱི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་ཚད་ཀྱི་54.1%བཟུང་བ་དང་། དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་57.6%ཟིན་པ། བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་38.2%འཕར་བ། བཟོ་ལས་ལག་རྩལ་སྒྱུར་བཅོས་ལ་མ་འཇོག་བྱེད་ཚད་ལྡབ་1.9འཕར་བ། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད་17.7%འཕར་བ་བཅས་རེད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ཁྲོད་དམངས་གཉེར་དཔལ་འབྱོར་དུས་མཚུངས་ལས་50.1%འཕར་བ་དང་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲོད་དམངས་ཁྲོད་མ་འཇོག་8.8%འཕར་ཡོད་པ་རེད།
     2023ལོར་བོད་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་8.7%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.8མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.5%འཕར་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.7འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9.4%འཕར་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.9འཕར་ཡོད་པ་རེད།