འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྣེ་ལེན་ཚོགས་འདུར་བརྙན་ལམ་ནས་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་27ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཤིས་ཚིག་གསུང་བཞིན་པ།
ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཤིས་ཚིག་གསུང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྣེ་ལེན་ཚོགས་འདུ་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ལོ་60ཡི་གོང་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་པ་ནི་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཀྲུའུ་ཞི་མའོ་ཙེ་ཏུང་དང་དམག་དཔོན་ཆེན་པོ་ཏའེ་ཀའོ་ལེ་ཡི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་བློ་སྟོབས་ལ་བརྟེན་ནས་ཀྲུང་གོ་དང་ནུབ་ཕྱོགས་དབར་འགྲོ་འོང་མཉམ་ལས་ཀྱི་སྒོ་མོ་ཕྱེ་སྟེ་འཇམ་འཐབ་ཁྲོད་གནས་པའི་འཛམ་གླིང་ལ་རེ་བ་སྦྱིན་ཡོད། ལོ་60ཡི་རིང་། ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འབྲེལ་བ་དེ་སྔ་བར་ཕྱི་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་གཞན་དབར་གྱི་འབྲེལ་བའི་གྲལ་མགོར་སླེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཏེ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་ལེགས་སྐྱེལ་ཕུལ་ཡོད།
     ཞི་ཅིན་ཕིང་གིས་ཀྲུང་ཧྥའི་འབྲེལ་བའི་དམིགས་བསལ་ལོ་རྒྱུས་ཀྱིས་རང་བཙན་རང་བདག་དང་། ཕན་ཚུན་བསམ་ཤེས། གཟིགས་རྒྱང་རིང་བ། གཉིས་ཁེ་གཉིས་ཕན་བཅས་བྱེད་པའི“ཀྲུང་ཧྥའི་སྙིང་སྟོབས”བཏོད་ཡོད། དུས་རབས་གསར་པར་ཐོབ་དཀའ་བའི་གོ་སྐབས་བཟང་པོར་ཕྱོགས་ཏེ་ཀྲུང་གོ་དང་ཧྥ་རན་སེས་ངེས་པར་དུ་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་། འབྱུང་འགྱུང་ལ་ཧུར་ཐག་ཕྱོགས་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱེད་དགོས་པ་དང་། ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཏང་སྟེ། ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འབྲེལ་བ་བརྟན་པོར་འཛམ་གླིང་གི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས་པ་དང་། ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོ་དང་། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་འཚོག་པ་གོ་སྐབས་སུ་བྱས་ཏེ་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་བསྟུན་མཁས་་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་གྲོས་འགོ་བཏོན་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོ་ཅན་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཀྲུང་གོ་དང་ཧྥ་རན་སེ་གཉིས་པོས་མུ་མཐུད་ལེགས་སྐྱེས་འབུལ་དགོས། གཉིས་ཁེ་གཉིས་ཕན་ཡོང་བ་མཐའ་འཁྱོངས་དང་སྲོལ་རྒྱུན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་སྦྲགས། ལྗང་མདོག་ཐོན་ལས་དང་ནུས་རྒྱུ་གཙང་མ་སོགས་ཀྱི་གསར་དར་ཁྱབ་ཁོངས་མཉམ་ལས་ཐད་ཀྱི་གཏིང་ཤུགས་སྔོག་འདོན་ཧུར་ཐག་བྱས་ནས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་སྒོ་མོ་ཕྱེ་ནས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས། རྗེས་ཀྱི་ལོ་60ལ་ཕྱོགས་ཏེ་ཀྲུང་གོ་དང་ཧྥ་རན་སེས་མཉམ་དུ་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཚེ་སླར་ཡང་གྲུབ་འབྲས་འོད་སྟོང་ལྡན་པ་གཏོད་ཐུབ་ངེས་ཡིན་ཞེས་ནན་བཤད་གནང་ཡོད།
     ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཀྱང་བརྙན་ལམ་ནས་ཤིས་ཚིག་གསུངས་ཤིང་། ཁོང་གིས་ལོ་60ཡི་གོང་། དམག་དཔོན་ཆེན་པོ་ཏའེ་ཀའོ་ལེ་ཡིས་དཔུང་ཤོག་ཁ་གཏད་དུ་ལངས་པའི་གཏན་ཚིགས་ལས་བསྒྲལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་འཛུགས་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐུགས་ཐག་བཅད་ཡོད། ད་ཆ་ང་ཚོས་1964ལོར་གཏན་ལ་འཁེལ་བའི་བརྗིད་ཆེའི་དམིགས་ཚད་ཀྱི་རྨང་གཞིའི་ཐོག་ཡང་འབད་བསྐྱར་འབད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་བར་ཡང་ཕན་པའི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་གཏོད་པའི་འགན་འཁྲི་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་བཅག་ནས་རྒྱལ་སྤྱིའི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། 2024ལོ་ནི་ཧྥ་རན་སེ་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོ་ཡང་ཡིན་པས། ཕྱོགས་གཉིས་པོས་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་གཉེར་རྒྱུ་རེད། ང་ཚོས་དེ་ཉིད་གོ་སྐབས་སུ་བརྩིས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་ན་གཞོན་དབར་སྤེལ་རེས་ཟབ་ཏུ་བཏང་ནས་ཧྥ་རན་སེ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་འབྱུང་འགྱུར་ལ་རྨང་གཞི་དེ་བས་བརྟན་པོ་ཞིག་འདིང་རྒྱུ་ཡིན་ཞེས་གསུངས།
     ཟླ་1ཚེས་31ཉིན། རྒྱལ་ཁབ་གཉིས་པོས་ད་དུང་ཕ་རི་སིའི་ཧྥན་ཨེ་སའེ་ཕོ་བྲང་དུ་ཀྲུང་གོ་དང་ཧྥ་རན་སེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་རིག་གནས་ཡུལ་སྐོར་ལོའི་འགོ་འཛུགས་བྱེད་སྒོ་གཉེར་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བརྙན་ལམ་ནས་ཤིས་ཚིག་གསུངས་པ་སྟོན་རྒྱུ་རེད།
     (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)