འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཅང་ཤིས་ཤིན་ཡུས་གྲོང་ཁྱེར་ཡུས་ཧྲུའེ་ཆུས་ཀྱི་ཁྲོམ་གཞུང་ཚོང་ཁང་ལ་མེ་
ཤོར་བའི་ལས་འཛོལ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་26ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    བདེ་འཇགས་ལས་འཛོལ་སྣ་ཚོགས་ཐོན་མང་བ་དང་བསྟུད་མར་ཐོན་པའི་རྣམ་པ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་འགན་ལེན་ནུས་ལྡན་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་24ཉིན་གྱི་ཆུ་ཚོད་15དང་སྐར་མ་30ཙམ་ལ། ཅང་ཤིས་ཤིན་ཡུས་གྲོང་ཁྱེར་ཡུས་ཧྲུའེ་ཆུས་ཀྱི་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ཞིག་ལ་མེ་ཤོར་བ་རེད། མིག་སྔའི་བར། ལས་འཛོལ་གྱིས་རྐྱེན་པས་མི་39ཤི་བ་དང་མི་9ལ་རྨས་སྐྱོན་ཕོག་པ་མ་ཟད། ད་དུང་མི་སྣ་སྔར་བཞིན་ཉེན་ཁར་གྱར་ཡོད་པ་རེད།
   ལས་འཛོལ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་ཤིས་ཤིན་ཡུས་གྲོང་ཁྱེར་ཡུས་ཧྲུའེ་ཆུས་ཀྱི་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ཞིག་ལ་མེ་ཤོར་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ལས་འཛོལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་རྨས་མ་སྐྱོབ་བཅོས་གང་ཐུབ་བྱེད་པ་དང་རྐྱེན་ལམ་དུ་ཤོར་བའི་ནང་མིར་སེམས་གསོ་གཏོང་བ་དང་རྗེས་འཇུག་ལས་ཀ་ཡག་པོ་སྒྲུབ་དགོས། འདི་ནི་ཉེ་དུས་ཐོན་པའི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ཚབས་ཆེན་གཞན་ཞིག་རེད། འབྱུང་རྐྱེན་གང་མགྱོགས་བརྟག་དཔྱད་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་པོ་དང་བསླབ་བྱ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ནས་ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་དོར་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་དགོས་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། བདེ་འཇགས་ལས་འཛོལ་སྣ་ཚོགས་ཐོན་མང་བ་དང་བསྟུད་མར་ཐོན་པའི་རྣམ་པ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ཉེན་གྱར་མི་སྣ་གང་མགྱོགས་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་གང་ཐུབ་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གང་ཐུབ་གཏོང་དགོས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནང་མིར་སེམས་གསོ་གཏོང་བ་དང་རྗེས་འཇུག་ལས་ཀ་ཡག་པོ་བསྒྲུབས་ཏེ་ལས་འཛོལ་འབྱུང་རྐྱེན་གང་མགྱོགས་བརྟག་དཔྱད་བྱས་ནས་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། ཉེ་ཆར། ས་ཆ་མང་པོར་མེ་སྐྱོན་གཅིག་རྗེས་གཉིས་མཐུད་དུ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ས་ཆ་ཁག་དང་འབྲེལ་ཡོད་ཕྱོགས་ཁག་ལ་སྐུལ་འདེད་བཏང་ནས། བདེ་འཇགས་ཀྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཁུག་གསང་སྟོང་གསུམ་མ་ལུས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ལས་འཛོལ་ཐོན་ཡུལ་དུ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་ཕེབས་པ་རེད། ཅང་ཤིས་ཞིང་ཆེན་དང་ཡུས་ཤིན་གྲོང་ཁྱེར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་སྨན་བཅོས་དང་རྗེས་འཇུག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་པ་རེད། མིག་སྔར། འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་རེད།