འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ནག་ཆུ་གསེར་རྙེད་ཆུས་ཀྱིས་2024ལོའི་དཔྱིད་རླུང་བྱ་སྤྱོད་ཀྱི་ལས་བསྡུའི་འདུ་ཚོགས་ཐེངས་དང་པོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་25ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་2024ལོའི་དཔྱིད་རླུང་བྱ་སྤྱོད་ཀྱི་ལས་བསྡུའི་འདུ་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཁེ་ལས་དང་བྱ་གཞག་ཚན་པ་25ཡིས་ལས་ཞུགས་ལས་གནས་200ལྷག་ཙམ་མཁོ་འདོན་བྱས་པ་དང་ཧ་ལམ་མི་670ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ལ་ཞུགས་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ནི་གསེར་རྙེད་ཆུས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་དཔྱིད་རླུང་བྱ་སྤྱོད་ཀྱི་ལས་བསྡུའི་བྱེད་སྒོ་སྤེལ་ཐེངས་དང་པོ་དེ་ཡིན་ཞིང་། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་གསེར་རྙེད་ཆུས་མི་ཤུགས་ཐོན་ཁུངས་ཁྲོམ་ར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པའི་ཐོག་ནས་གཉེར་སྐྱོང་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཉོ་ཚོང་ཁྲོམ་ར་འཛུགས་པ། མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་གྱི་ཆ་འཕྲིན་སྤེལ་རེས་ཀྱི་སྤུས་རྟགས་ཅན་གྱི་ལས་སྟེགས་གཏོད་པ། ལས་ཀ་འཚོལ་མཁན་གྱི་ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བ། གནས་སྐབས་ལས་མིར་དོ་དམ་ཚད་ལྡན་བྱེད་པ། ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་གསེར་རྙེད་ཆུས་ཀྱིས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལས་སྟེགས་ལ་བརྟེན་ནས་ལས་ཞུགས་རོགས་སྐྱོར་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་ལེན་ལམ་སྲོལ་གསར་གཏོད་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་ལས་ཀ་འཚོལ་མཁན་དང་ལས་མི་བཀོལ་སྤྱོད་བྱེད་མཁན་ཁེ་ལས་ལ་སྲིད་ཇུས་ཀྱི་བློ་འདྲི་དང་། ལས་འཚོལ་ཐོ་འགོད། ལས་གནས་འོས་སྦྱོར། རྩལ་ནུས་གསོ་སྦྱོང་། ངལ་རྩོལ་ཁེ་དབང་སྲུང་སྐྱོང་སོགས་ཀྱི་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱས་ཏེ། མི་ཤུགས་ཐོན་ཁུངས་ཁྲོམ་ར་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་ཞུགས་འཐབ་ས་ཞིག་ལ་འགྱུར་བ་བྱེད་རྒྱུ་རེད། (བསོད་བདེ་གཞོན་པས་བསྒྱུར། སྤེན་ཚེས་ཞུས)