འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བདེ་སྐྱིད་ཀྱི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཡིན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་23ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ། ལིའུ་ཧྥེང་།
     “2023ལོར་ལྗོངས་ཡོངས་སུ་མི་ཕྱུགས་ལོགས་དབྱེ་ཐུབ་པའི་དུད་ཚང་ཁྲི་7.7ཟིན་པ་དང་། གསང་སྤྱོད་སྒྱུར་བཀོད་ཐུབ་པའི་དུད་ཚང་ཁྲི་4ཟིན་པ། གྲོང་ཚོ(གྲོང་ལྷན)1308ཀྱི་རྣམ་པ་རྙིང་པ་གསར་རྐྱང་དུ་གྱུར་བ་བཅས་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མི་པད་མས་སྲིད་གཞུང་གི་སྙན་སྒྲོན་ནང་དོན་ལ་མྱོང་ཚོར་གཏིང་ཟབ་བྱུང་ནས་དེ་ལྟར་བརྗོད་པ་རེད།
     ཉེ་བའི་ལོ་ཤས་རིང་རིག་གནས་ཡུལ་སྐོར་དང་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་འཕེལ་རྒྱས་གཏོང་ཆེད། ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ལྷ་མོའི་ཟློས་གར་གྱི་གྲོང་ཚོ་དང་པོ”བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་མང་ཚོགས་ཡོངས་སྐུལ་སློང་བྱས་ནས“གསང་སྤྱོད་སྒྱུར་བཀོད”དང་མི་ཕྱུགས་ལོགས་དབྱེའི་སྒྲིག་ཆས་གསར་སྐྲུན། ཁོར་ཡུག་འཕྲོད་བསྟེན་གྱི་དཔྱད་བསྡུར་བཅས་ཤུགས་ཆེན་བྱས་པས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཏུ་གྱུར་པ་མ་ཟད། ད་དུང་2023ལོར་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ལ་བདམས་ཐོན་ཡང་བྱུང་ཡོད།
     པད་མས“ཡུལ་སྐོར་གྱི་དམངས་སྲོལ་གནས་ཚང་དང་མིའི་འཚོ་སྡོད་ཁོར་ཡུག་འཕེལ་རྒྱས་གཏོང་བ་ནི་ངེས་པར་དུ་ཡག་པོ་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་ཞིག་རེད། ད་ཆ་ཁྱིམ་དུད་ཚང་མས་ཁོར་ཡུག་འཕྲོད་བསྟེན་ལ་སྣང་ཆེན་བྱེད་ཀྱི་ཡོད། སུའི་ཁྱིམ་དུ་སོང་རུང་གཙང་སྦྲ་དོད་ལ་དཀར་ཆ་དོད་པའི་ཁར་སྡེ་ཁུལ་ཡོངས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་འཚོ་བའི་ཁོར་ཡུག་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།
     “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ན་ནིང་ལྗོངས་ཡོངས་ཀྱི་ལས་ཞུགས་གཞན་སྒྱུར་ཐུབ་པའི་ཞིང་འབྲོག་པ་མི་གྲངས་ཁྲི་64.7ཟིན་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་65.6ཟིན་ཡོད། ང་ནི་དེའི་གྲས་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ཡུགས་སྨད་གྲོང་ཚོའི་མང་ཚོགས་དགའ་བ་རྡོ་རྗེས་དགའ་སྤྲོའི་ངང་བཤད།
     དགའ་བ་རྡོ་རྗེའི་ཁྱིམ་ནི་དེ་སྔ་ཞིང་འབྲོག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ལོ་འཁོར་མོར་ཡོང་འབབ་དེ་ཙམ་མང་པོ་མེད། ཕྱིས་སུ་མཐའ་མཚམས་ས་ཁུལ་དུ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ཡུགས་སྨད་གྲོང་ཚོར་ཚོང་ལས་ཀྱི་གོ་སྐབས་འཕྲད་དེ་སྐྱེལ་འདྲེན་རུ་ཆེན་བཙུགས་པ་དང་། དགའ་བ་རྡོ་རྗེ་ནི་སྐྱེལ་འདྲེན་རུ་ཁག་གི་ཁ་ལོ་བར་གྱུར་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་མ་ཟད། ལོ་ལྟར་ད་དུང་ཐོབ་ཆ་ལེན་རྒྱུ་ཡོད། ཁོང་གིས“དེ་སྔ་སོ་ནམ་ཁོ་ན་བྱས་པར་ཡོང་འབབ་དམའ་ལ་བརྟན་པོ་མེད། ད་ཆ་ཟླ་རེར་ཡོང་འབབ་སྒོར་5000ལྷག་ཙམ་རག་གི་ཡོད་པས་ཁྱིམ་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག”ཅེས་བཤད།
     བོད་ཀྱི་འཕེལ་རྒྱས་མིག་མཐོང་ལག་ཟིན་བྱུང་བ་དང་དེའི་ཁྲོད་ནས་ཕན་པ་ཐོབ་མཁན་ཞིང་འབྲོག་མང་ཚོགས་ཁོ་ན་མ་ཡིན་པར་ད་དུང་བོད་དུ་མ་འཇོག་ལས་དར་བྱེད་མཁན་གྱི་ལས་གཏོད་པ་ཡང་ཡོད་པ་རེད།
     བོད་ལྗོངས“མཚན་མོའི་བུང་སྒྲ”རིག་གནས་ཡུལ་སྐོར་ཀུང་སིའི་སྲོལ་གཏོད་པ་ཀྲང་ལེང་ཧྥུའུ་ཡིས“སྲིད་གཞུང་གིས་ང་ཚོར་སྦྲང་གསོའི་ཐོན་ལས་འཕེལ་རྒྱས་གཏོང་འདོད་ཡོད་པ་ཤེས་རྟོགས་ཐུབ་རྗེས་སྲིད་ཇུས་དང་། ས་ཆ། ལས་སྒོ་རྒྱ་ཆེར་གཏོང་བ་སོགས་ཕྱོགས་མང་པོར་རྒྱབ་སྐྱོར་ཤུགས་ཆེན་བྱས་བྱུང་བས་ང་ཚོར་ད་ཆའི་གཞི་ཁྱོན་ཆེ་བའི་སྐྱེ་ཁམས་ཉམས་ལེན་གླིང་དང་སྦྲང་གསོའི་རྣམ་གྲངས་བཅུ་གྲངས་ཡོད། ད་ཆ་བོད་ཀྱི་ཚོང་གཉེར་ཁོར་ཡུག་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད་པས་ང་ཚོ་ཁེ་ལས་ལ་མཚོན་ན་གཏམ་བཟང་ཞིག་རེད”ཅེས་མྱོང་ཚོར་ཟབ་མོས་བཤད།
     ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དེ་རང་སྐྱོང་ལྗོངས་ཀྱི“འདུ་འགོད་དང་པོ”ཡིན་པས་2023ལོར་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2024ལོར་རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་རང་འགུལ་ངང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ལས་གཞན་སྒྱུར་ཁུར་དུ་བླངས་ནས་རྗེས་སྙེག་ལམ་སྲོལ་འཛུགས་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། རྣམ་གྲངས་དངོས་འབྲེལ་དོན་འཁྱོལ་དང་བསྐྲུན་ནས་ཐོན་སྐྱེད་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། སྐབས་དེ་དུས་ཀྲང་ལེང་ཧྥུའུ་དང་འདྲ་བའི་ལས་གཏོད་པ་དེ་བས་མང་བས་བོད་དུ་ཐོན་ལས་དར་རྒྱས་གཏོང་བ་དང་། འཕེལ་རྒྱས་དོན་གཉེར། འབྱུང་འགྱུར་གཏོད་པ་བཅས་བྱེད་ངེས་རེད།
     (གནམ་ཕྱུག་རྒྱལ་དང་པ་ཕན། ཚེ་སྒྲོལ་དང་དབང་སྒྲོལ་སྐྱིད་བཅས་ཀྱིས་སྒྱུར་ཞུས་བྱས)