འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་23ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
    “དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ཁྲིམས་སྐྱོང་དང་སྤྱོད་བཟང་གིས་སྐྱོང་བ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་དགོས”ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་དང་དར་སྤེལ་གཏོང་རྒྱུའི་ཞིབ་འཇུག་བྱ་གཞི་གལ་ཆེན་དེ་བཏོན་གནང་བ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་ཀྱི་ཕྱོགས་ལྔའི་ཐད་ཀྱི་ལག་ལེན་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་བ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་པ་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
    རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་རེད། རང་རྒྱལ་གྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར། དེང་རབས་ཀྱི་དངུལ་རྩའི་སྒྲིག་གཞི་དང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་སྟོབས་ཤུགས་ཤུགས་ཆེར་གཏོང་བར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། རིན་ཐང་གི་ལྟ་བ་དང་བྱ་སྤྱོད་ཀྱི་ཚད་གཞི་སོགས“འཇམ་ཤུགས”ཀྱི་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་དངུལ་རྩའི་རིགས་པའི་གཞུང་ལུགས་དེ་དེང་སྐབས་ཀྲུང་གོའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་གནང་ནས་དངུལ་རྩའི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུར་རིམ་གྱིས་བསྐྱོད་ཡོད།
    ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་པར“ཀྲུང་གོའི་ཁྱད་ཆོས”ཀྱི་འགག་རྩ་དེ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་ལ་ཕུན་སུམ་ཚོགས་པའི་ཀུན་སྤྱོད་ཐོན་ཁུངས་ཡོད་པས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་སྙིང་བཅུད་བསྡུ་ལེན་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱིས་ཁ་དན་ཚིག་གནས་གཙོ་ཆེར་འཛིན་པ་དང་། དངུལ་རྩའི་ལས་རིགས་ཀྱིས་ཡིད་རྟོན་རྨང་གཞིར་བྱེད་པར། ཐོག་མཐའ་བར་གསུམ་དུ་གན་དོན་སྲུང་སེམས་མཐའ་འཁྱོངས་བྱས་ཏེ་ཟོལ་མེད་ཡིད་རྟོན་ཐུབ་པ་བྱེད་དགོས། དངུལ་རྩར་ནུས་པའི་རང་བཞིན་དང་ཁེ་གཉེར་རང་བཞིན་ཉིས་བརྩེགས་ཀྱི་ཁྱད་ཆོས་ལྡན་པས། ཐོག་མཐའ་བར་གསུམ་དུ་དྲང་བདེན་ལ་བརྟེན་ནས་ཁེ་ཕན་ཐོབ་པ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཡོང་བ་བྱེད་དགོས། དངུལ་རྩའི་ལས་རིགས་ནི་ཉེན་ཁ་ཆེ་བའི་དམིགས་བསལ་གྱི་ལས་རིགས་ཤིག་ཡིན་པས། ཐོག་མཐའ་བར་གསུམ་དུ་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཇི་སྲིད་བར་གྱི་བརྗོད་དོན་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་ལས། འཕྲལ་ཕན་འཕྲལ་གཉེར་བྱེད་མི་རུང་། གསར་གཏོད་བྱ་རྒྱུ་ནི་དངུལ་རྩའི་ལས་རིགས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན་པས། ཐོག་མཐའ་བར་གསུམ་དུ་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས། དངུལ་རྩའི་ལས་རིགས་དང་དངུལ་ལོར་གྱི་ལས་དོན་སྒྲུབ་པར་རྒྱུན་དུ་ནས་ཀུན་སྤྱོད་ཀྱི་ཉེན་ཁ་དང་བཀོལ་སྤྱོད་ཀྱི་ཉེན་ཁ་ཆེ་ཙམ་ལྡན་པས། ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་གཉེར་སྐྱོང་དང་སྒྲིག་མཐུན་བཀོལ་སྤྱོད་མཐའ་འཁྱོངས་བྱེད་དགོས་པ་ལས། རང་སྣང་གང་ཤར་དང་མཐའ་ཚད་ལས་བརྒལ་མི་རུང་།
    ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་པར་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བྱེད་དགོས། ཁྲོམ་རའི་སྒྲིག་སྲོལ་དང་ལས་རིགས་ཀྱི་སྤྱོད་ལམ་ནན་སྲུང་བྱས་ཏེ་ཟོལ་མེད་ཡིད་རྟོན་ལས་སྒོ་ཁག་ཏུ་ཁྱབ་པ་བྱེད་དགོས་ལ། རྩིས་ཞིབ་ཚགས་རྒྱག་པ་དང་། རྩིས་ཁྲ་ཚགས་ཚུད་བཟོ་བ། སྒྲིག་སྲོལ་ནན་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་རྩིས་ཁྲ་རྫུན་མ་མི་བཟོ་བ་དང་། གཞུང་དྲང་གཉེར་སྐྱོང་། ཡིད་རྟོན་ལ་གཅེས་སྤྲས། མཐའ་ཚད་ལས་མི་བརྒལ་བ་བཅས་བྱེད་དགོས། དྲང་བདེན་དང་ཁེ་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་རིན་ཐང་དང་ཁེ་སྤོགས་བཏོད་ནས་དཔལ་འབྱོར་དང་དངུལ་རྩ་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས་པ་ལས། ཁེ་བཟང་ཁོ་ནར་རྔམ་མི་རུང་། དངུལ་རྩའི་སྒྲིག་གཞི་དང་ལས་སྒྲུབ་མི་སྣས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་བྱ་སྤྱོད་ལ་འཁྱོལ་བ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་བརྒྱུད་བསྒྲགས་བྱེད་མཁན་དང་དཔེ་བཟང་ལག་ལེན་བསྟར་མཁན་ཞིག་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕྱོགས་ལྔའི་ཐད་ཀྱི་ལག་ལེན་བླང་བྱ་རང་འཁྲིའི་ལས་གནས་དང་ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་ཏན་ཏིག་བྱས་ཏེ་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་བླ་སྲོག་བརྟན་པོར་འཛུགས་དགོས།
   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཆབ་སྲིད་ཆེ་ཤོས་ཡིན་པས། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པའི་ལས་འགན་ཕྲག་ཏུ་འཁུར་ཡོད་ལ་འགན་འཁྲི་ཡང་ཧ་ཅང་ཆེན་པོ་ཡོད། མདུན་སྐྱོད་ལམ་བུར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། དུས་རབས་གསར་པའི་དངུལ་རྩའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།