འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་དུ་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་22ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལ་བརྟེན་ནས་སྔོན་འགོག་གཙོ་བོར་བྱེད་པའི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་། འདས་ཟིན་པའི་ལོ་གཅིག་ནས་ད་ལྟའི་བར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“གཞི་རིམ་གྱི་རྨང་གཞིའི་དྲ་བ་དམ་ཚགས་སུ་གཏོང་བའི”ལས་འགན་ལ་དམིགས་ནས་དུས་བདེའི་མཚོ་སྔོན་འཛུགས་སྐྱོང་གི་གཞི་རིམ་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་དང་དེ་བཞིན་ཚན་པ་ཁག་གིས་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། སྟོབས་ཤུགས་དེ་བས་མང་བར་བརྟེན་ནས་ཁྲིད་སྟོན་དང་གསེད་བཀྲོལ་གྱི་ཕྱོགས་སུ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ནས་འགལ་བ་དང་རྩོད་གཞི་ཐག་གཅོད་དང་རྐྱེན་རྩ་ཆུང་དུས་ནས་བསལ་ཏེ་འགལ་བ་ཛ་དྲག་ཏུ་མི་འགྲོ་བར་བྱས་ཡོད། སྔོན་ཚུད་ནས་གནས་ཚུལ་མ་ཐོན་སྔོན་འགོག་གི་ལག་ལེན་དང་ཉམས་མྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་དགེ་མཚན་ལྡན་པའི་བློ་སྒོ་ཕྱེ་ཡོད།
     སྔོན་ཚུད་ནས་གྲལ་བཤེར་དང་འགལ་བ་གཞི་རིམ་དུ་བསལ་ཏེ་གོང་རིམ་ལ་ཞུ་མི་དགོས་པར་བྱས་པ། 
     མི་རིང་བའི་གོང་། ཟི་ལིང་གྲོང་ཁྱེར་གྱི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ལ་འདི་ལོའི་མང་ཚོགས་ཀྱི་ཐུགས་རྗེ་ཆེ་ཞུ་ཡིག་ལྔ་པ་དང་གོས་དར་བདུན་པ་སྔ་རྗེས་སུ་འབྱོར་བ་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་ཟམ་མི་ཆད་པར་གཏིང་ཟབ་བསྟར་བ་དང་བསྟུན་མི་དམངས་འདུམ་འགྲིག་དེ་འགལ་བ་གསེད་བཀྲོལ་གྱི“ཟམ་ཁའི་བཙན་རྫོང”དང་རྩོད་གཞི་སེལ་བའི“གཡུལ་ས་གཙོ་བོ”ཞིག་ཏུ་བརྩིས་ནས་འགལ་བའི“འབྲེལ་ཐག་ཧྲིལ་པོ་འདུམ་འགྲིག”གི་ལས་དོན་ཁག་ལ་བཀྲག་མདངས་འཚེར་ས་མང་པོ་མངོན་པ་དང་ཆབས་ཅིག འགལ་བ་འདུམ་འགྲིག་ལེགས་ཕྱོགས་སུ་རྒྱུན་མཐུད་འཕེལ་བ་དང་མང་ཚོགས་བློ་ཡིད་ཚིམ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
     “གྲུབ་འབྲས་འདི་ལྟ་བུ་ནི‘འགལ་བ་གོང་རིམ་ལ་ཞུ་མི་དགོས་པའི’བརྒྱུད་རིམ་ནང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ་མཐའ་འཁྱོངས་བྱས་ཏེ་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་དེ་བཞིན་སྣ་མང་འདུམ་འགྲིག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག འགལ་བ་དང་རྩོད་གཞི་འདུམ་འགྲིག་ལས་དོན་གྱི་ཆ་འཕྲིན་དྲ་རྒྱ་འཛུགས་སྐྱོང་དང་རྗེས་འདེད་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་པ་ལས་བྱུང་བ་ཞིག་རེད། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་བ་བརྒྱུད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཤུགས་ཆེན་ཕྱིན་པ་དང་། དེས་བཅའ་ཁྲིམས་ཀྱི་ཤེས་བྱ་མེད་པའི་དབང་གིས་འགལ་བ་དང་རྩོད་གཞི་ཐོན་པའི་དོན་རྐྱེན་ཡང་ཉུང་དུ་གང་ཐུབ་སོང་ཡོད། བརྙན་འཕྲིན་དང་། རླུང་འཕྲིན། ཚགས་པར། སྨྱན་སྦྱོར་གསར་པའི་བརྙན་ལམ་སོགས་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་མང་ཚོགས་སྔར་བས་མང་བས་དཔྱོད་ཤེས་མིན་པའི་ཐབས་ལམ་གྱིས་འགལ་བ་དང་རྩོད་གཞི་ཐག་གཅོད་པའི་བསམ་ཚུལ་དོར་བར་བརྟེན་རྩོད་གཞིའི་གྲངས་འབོར་ཡང་འབྱུང་རྩ་ནས་ཉུང་དུ་ནུས་ལྡན་ཕྱིན་ཡོད”ཅེས་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས།
     “དོན་ཆུང་འགྱངས་ན་དོན་ཆེན་ཆགས། དོན་ཆེན་འགྱངས་ན་ཆག་སྒོ་སློང”བའི་སྣང་ཚུལ་མེད་པ་བཟོ་བ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གོམ་པ་དང་པོ་ཡིན་ལ་འགག་རྩའི་གོམ་པ་ཞིག་ཀྱང་ཡིན། འགལ་བ་དང་རྩོད་གཞི་ཐོན་པ་དང་། འཕེལ་བ། ཛ་དྲག་ཏུ་འགྲོ་བ་བཅས་ལ་འགོག་ཟོན་བྱེད་པ“སྔོན་དུ་གཙོ་བོར”བཞག་ན་གཞི་ནས་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བ་དང་སྤྱི་ཚོགས་བརྟན་ལ་གོ་རིམ་ལྡན་པའི་དབར་གྱི་འབྲེལ་བ་ཡག་པོ་མངོན་འགྱུར་ཡོང་ཐུབ།
     དེར་བརྟེན་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་སྣེ་ཁྲིད། སྡེ་ཚན་མང་པོ་ཞུགས་པ་བཅས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་གི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། “གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་དེ“ལྟེ་བའི”དུས་རབས་གསར་པའི་འདུམ་འགྲིག་བཀོད་པ་ཆེན་པོ་འཛུགས་སྐྱོང་དང་། རིགས་ཁག་གི་འདུམ་འགྲིག་ཐོན་ཁུངས་བསྡུ་སྒྲིལ། ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་འགལ་བ་དང་རྩོད་གཞི་སེལ་བ་དེ་ཐར་ཐོར་བཅོས་སྐྱོང་ནས་གཅིག་སྡུད་བཅོས་སྐྱོང་དང་། གཞན་དབང་བཅོས་སྐྱོང་ནས་རང་འགུལ་བཅོས་སྐྱོང་། འཕྲལ་རྒོལ་བཅོས་སྐྱོང་ནས་ཕུགས་ཕན་བཅོས་སྐྱོང་། ཕྱོགས་རྐྱང་བཅོས་སྐྱོང་ནས་སྣ་མང་བཅོས་སྐྱོང་བཅས་བར་གྱུར་བར་བྱས་ཡོད། དུས་མཚུངས་སུ་འགལ་བ་དང་རྩོད་གཞིའི་དོན་རྐྱེན་གྱི་ཆ་འཕྲིན་འཚོལ་སྡུད་དང་། ཕྱོགས་སྡོམ། བསྡོམས་རྩིས། སྙན་ཞུ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དྲ་ཐོག་གི་ལྟེ་བའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་ཆེ་ཤོས་བྱས་པས། ཆ་འཕྲིན་གྱི་གཅིག་གྱུར་དོ་དམ་དང་། དུས་ཐོག་གསར་སྒྱུར། བབ་བསྟུན་ལྟ་ཞིབ་བཅས་མངོན་འགྱུར་བྱུང་བ་དང་། “འགལ་བ་གོང་རིམ་ལ་ཞུ་མི་དགོས”པ་དེ་སྔར་བས་རིག་ནུས་དང་། སྔར་བས་ནུས་ཆེ། སྔར་བས་ཕྱོགས་ཡོངས་བཅས་སུ་མངོན་འགྱུར་བྱུང་ཡོད།
     སྔོན་འགོག་གཙོ་བོར་བཟུང་བ་དང་འབྱུང་རྩ་ནས་བཅོས་སྐྱོང་བྱས་ཏེ“གནད་དོན་མི་ལྷག་པ”བྱས་པ།
     “སྟོན་དུས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ལུག་གིས་གྲོ་ལྗང་ཟ་བའི་འགལ་བ་ཐག་གཅོད། ནོར་གྱིས་སྨྱུག་རྩྭ་འབྲད་པའི་རྩོད་གཞི། གཏོར་སྐྱོན་བཏང་བའི་ལྕགས་དྲ་ཉམས་བཟོ། ཡུར་བུའི་ནང་གི་ལུག་རོ་གཙང་སེལ་སོགས”མངོན་མེད་རྐྱེན་ངན་ཆུང་ཙག་གྲལ་བཤེར་ནས་རྩོད་གཞི་ཆུང་གྲས་ཐག་གཅོད་བར་དང་། གནད་དོན་ཆུང་ཙག་ཐག་གཅོད་ནས་གྱོད་གཞི་ཆུང་གྲས་ཐག་གཅོད་བར། དགོས་མཁོ་ཆུང་གྲས་ཐག་གཅོད་ནས་ཁོར་ཡུག་ཆུང་གྲས་ལེགས་སུ་གཏོང་བའི་བར་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གསེར་ཐང་ཤང་གི་ཞིང་འབྲོག་ས་ཁུལ་གྱི་རྩོད་གཞིའི“ཆུང་གྲས་དྲུག”གི་ལས་ཀ་བྱ་ཐབས་ཀྱི་ཐོ་འགོད་རེའུ་མིག་གི་ཤོག་ལྷེ་རེ་རེར་གནད་དོན་ཆུང་གྲས་ཐག་གཅོད་བྱེད་སྟངས་ཞིབ་ཕྲ་བཀོད་ཡོད།
     2013ལོའི་ལོ་མཇུག་ཏུ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཧྥེང་ཆའོ་རྣམ་པའི་ལས་ཀ་བྱ་ཐབས”ཀྱི་ཚན་པ་104དཔྱད་འདེམས་བྱས་པ་དང་དེའི་ནང་མཚོ་བྱང་ཀྲོའུ་མདའ་བཞི་རྫོང་གསེར་ཐང་ཤང་གི་ཞིང་འབྲོག་ས་ཁུལ་གྱི་རྩོད་གཞིའི“ཆུང་གྲས་དྲུག”གི་ལས་ཀ་བྱ་ཐབས་ཚུད་ཡོད། “ཆུང་གྲས་དྲུག”གི་ལས་ཀ་བྱ་ཐབས་དེ་རྒྱུན་གཏན་གྱི་བྱ་བ་ཆུང་ཙག་ནས་དམངས་འཚོའི་གནད་དོན་ཆེ་གྲས་ཐག་གཅོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་ཁོར་ཡུག་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱས་པས། མཚོ་སྔོན་ཞིང་ཆེན་གྱིས“ཧྥེང་ཆའོ་ཡི་ཉམས་མྱོང”ས་ཆ་དེ་རང་དུ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
     “གནད་དོན་མི་ལྷག་པ”དངོས་འབྲེལ་ལྷག་པ་བྱེད་དགོས་ན། དང་ཐོག་མང་ཚོགས་ཀྱི་འདོད་བློ་གང་ཞིག་ཡིན་པ་ཤེས་དགོས་པ་དང་། དེ་ལྟར་བྱེད་དགོས་ན་མང་ཚོགས་ཀྱི་རེ་འདུན་མཚོན་པའི་ཐབས་ལམ་ཕྱོགས་ཡོངས་ནས་ཤེས་ཐུབ་པའི་འགན་ལེན་བྱེད་དགོས།
     ནུས་ཤུགས་ཡོད་རྒུས“མང་ཚོགས་ཀྱི་རེ་བ་འདོན་པ་དང་། ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་ལེན་བཅས་ཀྱི་ཐབས་ལམ་ཤར་གཏོང་དང་ཚད་ལྡན་དུ་གཏོང་དོན་ནི‘མང་ཚོགས་ཀྱིས་ཞུས་པའི་གནད་དོན་འཕྲལ་མར་ཐག་གཅོད་ཐུབ་པ་བྱ་ཆེད’ཡིན། ‘དྲ་མིག་དང་ཡིག་འབུལ་ཞུ་བཅར’ཟུང་འབྲེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། དྲ་མིག་དོ་དམ་པའི་འདུམ་འགྲིག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་འགུལ་ངང་ཁུལ་ཆུང་གི་མང་ཚོགས་སར་བསྐྱོད་དེ་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས་བཅས་ལ་དམིགས་ཏེ། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་དང་ཉེན་ཁ་སྣ་ཚོགས་ཤེས་རྟོགས་བྱས་པ་དང་དྲ་མིག་ནང་འགལ་བ་དང་རྩོད་གཞི་དང་དེ་བཞིན་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་དོན་དམ་ཁྲོད་ནས་མི་དམངས་རྩ་བར་འཛིན་པའི་བརྩེ་སེམས་དང་དམངས་འཚོའི་དྲོ་སྐྱིད་མངོན་པར་བྱས་ཡོད”ཅེས་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས།
     གླེང་རིན་ཡོད་པ་ཞིག་ནི་འགལ་བ་ཐག་གཅོད་བྱེད་པའི་དུས་འགོར་སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་གལ་ཆེའི་རང་བཞིན་རིམ་བཞིན་མངོན་ཡོད། གྲོང་ཚོ་གྲོང་ལྷན་དང་། སྡེ་ཁུལ། སློབ་གྲྭ་སོགས་ཀྱི་སེམས་ཁམས་བློ་འདྲི་ཁང་དང་སྤྱི་ཚོགས་ལས་དོན་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སེམས་ཁམས་ལྟ་ཞིབ་ཚད་ལེན་དང་སེམས་གསོའི་ཞབས་ཞུའི་མ་ལག་རྒྱ་ཁྱབ་བཙུགས་པ་དང་། ཆེད་ལས་ཀྱི་སེམས་གསོའི་དཔུང་ཁག་བཏོད་པ། སེམས་ཁམས་བདེ་ཐང་དྲིལ་བསྒྲགས་སློབ་གསོ་དང་སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུ་ཧུར་ཐག་སྤེལ་བ་བཅས་བྱས་པ་དང་དམིགས་བསལ་མི་ཚོགས་ཀྱི་གནས་ཚུལ་མི་འདྲ་བ་གཞིར་བཟུང་། དམིགས་སའི་རང་བཞིན་སྒོ་ནས་རོགས་སྐྱོར་རོགས་སྐྱོབ་དང་། སེམས་གསོ། བཅའ་ཁྲིམས་རོགས་སྐྱོར་བཅས་ལ་ཤུགས་སྣོན་བརྒྱབ་པས། མི་སྒེར་གྱི་ཐལ་དྲགས་པའི་དོན་རྐྱེན་མ་ཐོན་སྔོན་འགོག་ནུས་ལྡན་ཐུབ་ཡོད་ལ“སྔོན་འགོག”ལས་དོན་གྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།
     ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་མང་མཉམ་ཤུགས་བསྒྲིལ་ནས་ཞབས་འདེགས་ཧུར་ཐག་ཞུས་པ།
     འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རང་ས་ཅན་གྱི་ལག་ལེན་འཚོལ་ཞིབ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཨུད་ཀྱི་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་རེ་བཅུའི”ལས་ཀའི་བླང་བྱ་ལྟར། གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས། ཡིག་འབུལ་ཞུ་བཅར་གྱི་སྣེ་ལེན་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས། གཏུག་བཤེར་ཞབས་ཞུ་ལྟེ་གནས་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། “ལྟེ་གནས་ལྔ་གཅིག་སྒྲིལ”གྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི“གཉེར་སྐྱོང་བྱ་ཡུལ་ཨ་མ”བཙུགས་པ་དང་འབྲེལ། དངོས་ཚན་གཉེར་སྐྱོང་བྱས་ནས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་བསལ་བས་གཞི་རིམ་གྱི་རྨང་གཞིའི་དྲ་མཐིལ་ཟམ་མི་ཆད་པར་སྲ་བརྟན་དང་སྟོབས་ཆེར་ཕྱིན་ཡོད་པ་རེད།
     སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་དང་བེད་སྤྱོད་ཐད་བཀོད་སྒྲིག་བྱེད་རིང“ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ”དེ་གལ་ཆེའི་ནང་གི་འགངས་ཆེན་དུ་གྱུར་ཡོད། ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་འཛུགས་སྐྲུན་གྱི་ཞབས་ཞུ“སྦབ་ཆ་གཅིག”ཁྱབ་གདལ་དང་ལག་ལེན་བསྟར་ཏེ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ལྟེ་གནས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུའི་མཉམ་འབྲེལ་ལམ་སྲོལ་བཟོ་བར་མཛུབ་ཁྲིད་བྱས་ནས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་གི་འགན་འཁུར་བ་དང་། ཁྲིམས་ཁང་དང་། སྤྱི་བདེ། ཁྲིམས་འཛིན། ཡིག་འབུལ་ཞུ་བཅར་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་གཞོན་པའི་འགན་འཁུར་བ། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་འདུམ་འགྲིག་བཅས་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཚང་མ་ཁོངས་མིར་བྱས་ནས་འགན་ནུས་བསྡུ་སྒྲིལ་དང་། ལས་སྒོ་མཉམ་འདྲེས། ནུས་པ་མཉམ་བསྲེས་བཅས་ཀྱི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད།
     གཞན་ཡང་། འགན་འཁྲིའི་ཚན་པ་ཁག་གིས་ལས་སྒོ་བྱང་ཆུབ་པ་དང་། འགན་འཁྲི་འཁུར་སེམས་ཆེ་བ། གཞི་རིམ་གྱི་དོན་དངོས་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་བཅས་ཀྱི་བློ་མཐུན་ཁག་གཅིག་ལྟེ་གནས་སུ་ལས་ཀ་བྱེད་པར་མངགས་ནས་ལས་གནས་ཚང་མར་ལས་མི་ཡོད་པ་དང་། འགན་འཁྲི་ཚང་མ་མི་དང་ཟུང་འབྲེལ་བྱེད་པ། མང་ཚོགས་ཚང་མར་སྣེ་ལེན་ཞུ་མཁན་ཡོད་པ་བཅས་མཐའ་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་འཚམ་པའི་འགལ་ཟླ་དང་རྩོད་གཞི་སྣ་མང་སེལ་བའི་དངོས་ཚན་ཅན་གྱི་ལས་སྟེགས་གཏོད་པའི་ལམ་བུར་ཧུར་ཐག་བསྐྱོད་པ་རེད།
     གྲངས་གཞི་ལས་ཡོད་ཚད་གསལ་བཤད་བྱེད་ཐུབ། མིག་སྔའི་བར་ཞིང་ཆེན་ཡོངས་སུ་རིམ་ལྔའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས(དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་ལྟེ་གནས)4669བཙུགས་ཡོད་པ་ལས་ཞིང་ཆེན་རིམ་པའི་ལྟེ་གནས་1དང་། གྲོང་ཁྱེར(ཀྲོའུ)རིམ་པའི་ལྟེ་གནས་8 ཆུས(རྫོང)རིམ་པའི་ལྟེ་གནས་45 ཤང་དང་གྲོང་རྡལ(ཁྲོམ་གཞུང)རིམ་པའི་ལྟེ་གནས་405 གྲོང་ཚོ(སྡེ་ཁུལ)རིམ་པའི་ལྟེ་གནས་4211སོགས་ཡོད་ཅིང་། དེ་དག་གིས་རྒྱུན་གཏན་གྱི་དུས་བདེ་འཛུགས་སྐྱོང་ཁྲོད་ནུས་པ་བཏོན་པ་མ་ཟད། “འགལ་ཟླ་སེལ་བ་དང་རྩོད་གཞི་འདུམ་འགྲིག”བྱེད་ཚད་རྒྱ་ཆེའི་མང་ཚོགས་ཀྱི་གམ་དུ་དེ་བས་རྒྱ་སྐྱེད་དུ་བཏང་བ་རེད།
     (གནམ་ཕྱུག་རྒྱལ་དང་པ་ཕན། སྒྲོན་ལགས་དང་བསོད་བདེ་ཆུང་བ། ཚེ་སྒྲོལ་དང་དབང་སྒྲོལ་སྐྱིད་བཅས་ཀྱིས་སྒྱུར་ཞུས་བྱས)