འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་རྔ་པས་ས་མཐོའི་གངས་འཁྱགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ལ་ཚ་རླབས་འཕྱུར་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་22ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤིང་ཐུའོ་དང་ཝང་ཞིས།
     ▲ ཆི་ཞ་རོང་གངས་ཤུད་ར་བ་2017ལོར་ལས་གཉེར་བྱེད་འགོ་ཚུགས་པ།
     ▲ འདི་ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་ཉིན་ནས་བཟུང་གངས་ཤུད་ར་བས་ཡུལ་སྐོར་བ་མི་ཐེངས་5000ལྷག་ཙམ་ལ་སྣེ་ལེན་ཞུས་པ།
     ▲ 2023ལོའི་ལོ་ཧྲིལ་པོར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་ཟིན་པ།
     ▲ 2023ལོའི་དགུན་ཁ་ཤར་ཚུན། རྔ་པ་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་686ལ་སྣེ་ལེན་ཞུས་པར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་55བྱུང་བ།
     སི་ཁྲོན་ཁྲེང་ཏུའུ་ནས་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཀྲེན་ཅང་ཀོན་བབས་ཚུགས་བར་གྱི་མེ་འཁོར་ནང་རྟག་ཏུ་འགྲུལ་པས་ཁེངས་ཀྱི་ཡོད། དགུན་ཁ་ཤར་ཚུན། རྔ་པ་ཀྲོའུ་རུ་གངས་ཀྱི་མཛེས་ལྗོངས་ལ་ལྟ་བར་ཡོང་མཁན་དང་གངས་ཤུད་གློད་པར་ཡོང་མཁན་ཡུལ་སྐོར་བ་མང་པོ་ཡོད་པས། རྔ་པའི་གྲོང་ཁྱེར་དང་རྫོང་ཁག་གིས་ཐུན་མོང་མ་ཡིན་པའི“གངས་འཁྱགས”ཀྱི་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་བར་བྱས་ཡོད།
     ཟུང་ཆུ་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་ན་སྐར་མ་40ཙམ་འགོར་བའི་ཆི་ཞ་རོང་གངས་ཤུད་ར་བར་ཉིན་ཤས་བསྟུད་མར་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད། “‘ཧར་པིན’ཐག་རིང་མོད། འོན་ཀྱང་ཟུང་ཆུ་ཧ་ཅང་ཐག་ཉེ་པོ་ཡོད། ཁྲེང་ཏུའུ་ནས་མེ་འཁོར་ལ་བསྡད་ན་ཆུ་ཚོད་1དང་ཕྱེད་ཀ་ཙམ་ལས་འགོར་གྱི་མེད་པ་དང་འཁོར་ཁྲིད་ཡུལ་སྐོར་ལས་སྟབས་བདེ་བ་འདུག”ཅེས་ཆེད་མངགས་ནང་མི་དང་མཉམ་དུ་གངས་ཤུད་གློད་པར་ཡོང་མཁན་སྐུ་ཞབས་ཝེ་ལགས་ཀྱིས་བཤད་པ་དང་། ཁོང་གིས“ང་ཚོས་གངས་ཤུད་གློད་ཆས་ཆ་ཚང་ཞིག་ཉོས་པའི་ནང་། སྒྲིག་ཆས་ཀྱང་ཡོད། དེས་མ་ཟད་མི་རེར་སྒོར་20རི་བའི་སྲུང་ཆས་རེ་གཡར་བས་དངོས་གནས་གྱོང་མི་འདུག”ཅེས་བཤད།
     “ཆི་ཞ་རོང་གངས་ཤུད་ར་བ་2017ལོར་ལས་གཉེར་བྱེད་འགོ་ཚུགས་པ་དང་། མིག་སྔར་དམའ་འབྲིང་རིམ་པ་གཉིས་ཀྱི་ཤུད་ལམ་ཡོད་པས། ཕ་མ་བུ་ཕྲུག་མཉམ་དུ་གངས་ཤུད་གློད་པར་ཡོང་མཁན་དང་གངས་ཤུད་ནང་ཞུགས་མ་ཐག་པའི་ཡུལ་སྐོར་བར་ཧ་ཆང་འཚམ་པོ་ཡོད། འདི་ལོ་དུས་ཐེངས་གཉིས་པའི་རྣམ་གྲངས་འཆར་འགོད་བྱས་ནས་རིམ་པ་མཐོ་བའི་ཤུད་ལམ་བསྐྲུན་རྒྱུ་རེད”ཅེས་ཟུང་ཆུ་མིན་ཏིང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་གཉེར་སྐྱོང་པུའི་པུའུ་ཀྲང་གཡོད་གཡན་གྱིས་བཤད། ཁོང་གིས་གངས་ཤུད་ར་བས་ད་དུང་ངོ་མཚར་ཆེ་བའི་ཁ་བའི་འཇིག་རྟེན་དང་གངས་ཁྲོད་དུ་སྦག་སྦག་གཏོང་བ་སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱས་ནས་ཚོགས་སྤྱི་མི་འདྲ་བའི་ཡུལ་སྐོར་བར་ཉམས་ལེན་ཐུབ་པར་བྱས་ཡོད། འདི་ལོའི་གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་ཉིན་ནས་བཟུང་གངས་ཤུད་ར་བས་ཡུལ་སྐོར་བ་མི་ཐེངས་5000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་ཅེས་བཤད།
     རྔ་པ་ཀྲོའུ་ལ་ས་མཐོའི་གངས་འཁྱགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་ལྷོ་ཕྱོགས་སུ་མཐོང་དཀོན་པའི་གངས་རྩེད་ལ་རོལ་སའི་གནས་མཆོག་ཅིག་རེད། ས་ཁུལ་གྱི་ཐོན་ཁུངས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རྔ་པ་ཀྲོའུ་ཡིས་མིག་སྔར་གངས་ཤུད་ར་བ་6བསྐྲུན་ནས་རིམ་པ་མི་འདྲ་བའི་གངས་ཤུད་ལམ་བུ་26གཉེར་སྐྱོང་བྱས་པ་དང་སྒོ་ཕྱེ་བའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་43.2ཟིན་ཡོད་པ་རེད།
     བཀྲ་ཤིས་གླིང་རྫོང་གི་བྱ་བུང་ཁོག་མཛེས་ལྗོངས་ཁུལ་དུ་གངས་རིར་ལྟ་བ་དང་། ཆུ་ཚན་རྒྱག་པ། གངས་འཁྱགས་ལ་རོལ་བ་སོགས་དགུན་དུས་ཀྱི་རོལ་རྩེད་སྣ་ཚོགས་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
     གངས་རི་དང་འཁྱགས་རོམ་སོགས་རང་བྱུང་མཛེས་ལྗོངས་ཕུད། བྱ་བུང་ཁོག་མཛེས་ལྗོངས་ཁུལ་གྱིས་ལྟེ་བའི་མཛེས་ལྗོངས་ཁུལ་ཡིན་པའི་གཉན་མཚེའུ་རུ“ཨ་ལེ་དཔེ་དེབ་ཁང”བཙུགས་པར་ཁྱོན་དཔེ་དེབ་2000ལྷག་ཙམ་ཡོད་པས། སྐབས་འགར་ཡུལ་སྐོར་བ་དཔེ་དེབ་ཀློག་པ་དང་ངལ་གསོ་རྒྱག་པར་ཡོང་གི་ཡོད། ཀླུ་རྒྱལ་མཚོ་གཟིགས་མཛེས་ལྗོངས་ཁུལ་གྱི་ཚན་རིག་ཁྱབ་གདལ་འགྲེམས་ཁང་བསྐྲུན་ཟིན་ཞིང་། སྔོན་དཔག་བྱས་ན་ཟླ་མཇུག་ཏུ་སྒོ་ཕྱེ་རྒྱུ་དང་། འགྲེམས་ཁང་དུ་སྲོག་ཆགས་དང་རྩི་ཤིང་གི་དངོས་དཔེ་དང་འབྲེལ་ཡོད་ངོ་སྤྲོད་མི་ཉུང་བ་ཞིག་བཤམས་ཡོད་པ་གསར་འགོད་པས་མཐོང་བྱུང་། “རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་རྣམ་པའི་ཐོག་ནས་ཡུལ་སྐོར་བས་དགུན་ཁའི་རི་ཀླུང་གི་ཉམས་འགྱུར་ཚོར་ཐུབ་པ་དང་ཆབས་ཅིག ས་མཐོའི་སྣ་མང་ཕུན་སུམ་ཚོགས་པའི་སྲོག་ཆགས་དང་རྩི་ཤིང་ལ་ངོས་འཛིན་དེ་བས་མང་བ་ཐུབ་པའི་རེ་བ་ཡོད”ཅེས་བྱ་བུང་ཁོག་མཛེས་ལྗོངས་ཁུལ་གྱི་འཆར་འགོད་པུའི་ཅིང་ལི་རེན་མོང་ཞུའེ་ཡིས་བཤད།
     དགུན་དུས་ཡུལ་སྐོར་བ་མང་དུ་ཕྱིན་པ་དེས་བྱ་བུང་ཁོག་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་མང་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་ཡང་དེ་སྔོན་ལས་ལེགས་སུ་ཕྱིན་ཡོད་པ་རེད། བྱ་བུང་ཁོག་འོད་ལྡན་ཆུ་ཚན་གསོལ་མགྲོན་ཁང་དེ་མཛེས་ལྗོངས་ཁུལ་དང་བར་ཐག་སྤྱི་ལེ་1.5ལས་མེད་པ་དང་གཟའ་མཇུག་ཏུ་སླེབས་སྐབས་ཁང་པ་ཧ་ཅང་རག་ཁག་པོ་ཡོད། ཆུ་ཚན་རྒྱག་པ་དང་། ཐབ་ལ་བསྐོར་ནས་ཇ་བསྐོལ་བ། མེ་ཕུང་དགོང་ཚོགས། ཕ་མ་བུ་ཕྲུག་སྤྲོ་སྐྱིད་གླིང་སོགས་གསོལ་མགྲོན་ཁང་སྒོ་ཕྱེ་ནས་ལོ་4ལྷག་ཙམ་སོང་རིང་ལས་རྣམ་རྒྱུན་མཐུད་གསར་བརྗེས་བྱས་པ་ལས། གསོལ་མགྲོན་ཁང་གི་འགན་འཁུར་བ་ཤེ་པིན་ལ་འགྲུལ་རྒྱུན་ཆད་པའི་སེམས་ཁྲལ་མེད་པ་རེད།
    “རྒྱལ་སྟོན་དུས་ཆེན་ནས་བཟུང་ཚོང་ཧ་ཅང་ཡག་པོ་འདུག མིག་སྔར་གསོལ་མགྲོན་ཁང་དུ་འགྲུལ་པ་ཁེངས་ཚད་70%ཟིན་ཡོད། 2023ལོའི་ལོ་ཧྲིལ་པོར་ཚོང་གཉེར་གྱི་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་ཟིན་གྱི་ཡོད” ཤེ་པིན་ནི་བཀྲ་ཤིས་གླིང་རྫོང་གི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཕོ་གསར་ཞིག་ཡིན་ཞིང་། 2019ལོར་ཕ་ཡུལ་དུ་ལོག་སྟེ་གསོལ་མགྲོན་ཁང་ཞིག་བཙུགས་ནས་ས་གནས་དེ་གའི་མང་ཚོགས་མང་པོ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།
     2023ལོའི་ལོ་མཇུག་བར། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་རྔ་པ་ཀྲོའུ་ལ་ཤར་གཏོང་ཐུབ་ཚུན་ལམ་རྒྱུད་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་11པ་ནས་2024ལོའི་ཟླ་3པའི་བར། རྔ་པ་ཀྲོའུ་ཡིས་གཟི་ཚྭ་སྡེ་དགུ་དང་། ཧོང་ལུང་། སྒོ་ལ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་ཚུད་པའི་གཞུང་ཁོངས་A4རིམ་པ་དང་དེ་ཡན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི“སྒོ་འཛིན་གཅིག་ཉོས་ན་གཅིག་སྤྲོད་པའི”བྱེད་སྒོ་ཁྱབ་གདལ་བཏང་བ་དང་། གཞུང་ཁོངས་A4རིམ་པ་མན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཚང་མ་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས་དགུན་དུས་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་200དུས་གཅིག་ཏུ་སྤྲད་ནས་རྒྱ་ཆེའི་ཡུལ་སྐོར་བ་ཉམས་ལེན་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། 2023ལོའི་དགུན་ཁ་ཤར་ཚུན། རྔ་པ་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་686ལ་སྣེ་ལེན་ཞུས་པར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་55ཟིན་གྱི་ཡོད་པ་རེད།
    “གོམ་སྟབས་རྗེས་མར། ང་ཚོས་གངས་འཁྱགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གངས་འཁྱགས་ལུས་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། རང་རྟེན་IPརྩེར་སོན་འགྲན་བསྡུར་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྔ་པ་ཀྲོའུ་དེ་ཉིད་ལྷོ་ཕྱོགས་ཀྱི་གངས་འཁྱགས་ཡུལ་སྐོར་གནས་མཆོག་དང་གངས་འཁྱགས་ལུས་རྩལ་རྟེན་གཞི་ཞིག་ཏུ་ཧུར་ཐག་གཏོད་རྒྱུ་ཡིན”ཞེས་རྔ་པ་ཀྲོའུ་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་པེན་སི་ཡུས་ཀྱིས་བཤད།