འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་
མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་19ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མའོ་ཧྲུའེ་གྲོང་ཚོ་ནི་གྲོང་མི་མང་ཆེ་བ་བོད་རིགས་ཡིན་པའི་སི་ཁྲོན་ནུབ་བྱང་ས་མཐོའི་དབུལ་སྒྲོལ་གྲོང་ཚོ་ཞིག་ཡིན་ཞིང་། ས་རྒྱ་སྤྱི་ལེ་ངོས་གྲུ་8.9དང་མི་གྲངས་400ཡོད་པར་ཏང་ཡོན་19ཡོད། 2022ལོའི་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧོ་གྲོང་རྡལ་ཡུང་ཧྥུང་གྲོང་ཚོར་གཟིགས་ཞིབ་གནང་སྐབས། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་བྱས་ཐོག་ཡུལ་མི་སྤུན་ཟླ་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དབུལ་སྒྲོལ་བྱུང་རྗེས་མུ་མཐུད་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། གྲོང་ཚོའི་ཏང་ཀྲི་པུས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་སྟེ་འབད་འཐབ་ཆེན་པོས་འཚོ་བ་ཇེ་ལེགས་སུ་གཏོང་བར་འབད་བཞིན་ཡོད།
     གཞི་རིམ་གྱི་ཏང་རྩ་འཛུགས་ཡག་པོ་བཙུགས་ནས་སྟོབས་ཆེར་བཏང་ཞིང་། གཅིག་ནས་དགོངས་པ་གསར་པར་སློབ་སྦྱོང་ཡག་པོ་བྱས་པ་སྟེ། གྲོང་ཚོའི་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཡག་པོ་བྱས་པ་དང་གོ་བ་གཏིང་ཟབ་བླངས་ཐོག་ཞིང་ནང་མུ་ཁ་དང་མི་སེར་ཚོའི་འགྲམ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ཏང་ཀྲི་པུས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”བརྒྱུད་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་ལ་ཤུགས་བརྒྱབ་ནས་དགོངས་པ་གསར་པ་གྲོང་གསེབ་ཀྱི་འཐབ་ས་དང་པོར་གཞི་ཚུགས་པར་སྐུལ་འདེད་བཏང་བ་དང་། གཉིས་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་པ་སྟེ། ཉེ་འཁོར་གྱི་གསར་བརྗེའི་གྲོང་ཚོ་དང་མཉམ་དུ་གསར་བརྗེའི་ཐོན་ཁུངས་མཉམ་སྦྱོང་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་པ་དང་ཆབས་ཅིག ཏང་ཡོན་སྒྲིག་འཛུགས་བྱས་ནས་གངས་རིའི་གསར་བརྗེའི་ལམ་བུར་བསྐྱར་དུ་བསྐྱོད་པ་དང་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད། ཏང་ཡོན་གྱི་ཆབ་སྲིད་བྱང་ཚད་ཀྱི“བསམ་བློའི་བརྟག་དཔྱད”ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་བ་དང་། ཏང་ཡོན་གྱི་ཁས་ལེན་དམ་བཅའ་དང་། ཁས་ལེན་གསལ་སྟོན། ཁས་ལེན་ལག་བསྟར་བཅས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་པ་རེད། གསུམ་ནས་སྣེ་ཁྲིད་པ་ཡག་པོ་བྱས་པ་སྟེ། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། 90པའི་ནང་སྐྱེས་1ཚན་ཁག་ནང་བཅུག་པ་དང་། རྗེས་གྲབས་ལས་བྱེད་པ་2གསོ་སྐྱོང་བྱས་པ། རྐང་འཛིན་ཏང་ཡོན་16གིས་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་གཅིག་སྡུད་སློབ་སྦྱོང་དང་རེས་མོས་གསོ་སྦྱོང་སོགས་ཀྱི་ལམ་ལུགས་ཀྱང་བཙུགས་པ་རེད།
     ཡུལ་བབ་དང་བསྟུན་ནས་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱས་ཤིང་། གཅིག་ནས་ཐོན་ལས་བཟང་པོ་བདམས་པ་སྟེ། ཞིང་ཆེན་མང་པོར་ཡུལ་དངོས་སུ་རྟོག་ཞིབ་དང་ས་བོན་ནང་འདྲེན་ཚོད་འདེབས་བྱས་པ་བརྒྱུད་སྤུས་ཀ་ལེགས་པའི་རྒྱ་སེ་མེ་ཏོག་གསོ་སྤེལ་བྱས་ཤིང་། མིག་སྔར། རྒྱ་སེ་མེ་ཏོག་མུའུ་ཁྲི་1.5བཏབ་པར་ལོ་རེར་ཐོན་འབབ་ཏུན་1460ཟིན་ནས་ཐོན་སྐྱེད་རིན་ཐང་སྒོར་ཁྲི་5000ཟིན་ཡོད། གཉིས་ནས་ཐོན་ལས་འཁོར་འབྲེལ་བསྲིངས་པ་སྟེ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག རྒྱ་སེའི་ཇ་ལོ་དང་བཅུད་སྣུམ་སོགས་ཐོན་རྫས་རབ་དང་རིམ་པ་ལས་སྣོན་ཞིབ་ཚགས་དང་དེའི་མཆེད་སྐྱེད་ཐོན་རྫས་གསར་སྤེལ་བྱས་པ་མ་ཟད་ད་དུང་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་དང་ལྟ་སྐོར་ཡུལ་སྐོར་ཡང་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། གསུམ་ནས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཟོས་པ་སྟེ། “ཀྲི་པུའུ་+ཞིང་དུད”ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་གསར་གཏོད་བྱས་ཏེ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་13གྱི་གྲོང་ཚོ་46གི་དུད་ཚང་3300ལྷག་ལ་སྐུལ་ཁྲིད་བྱས་ནས་རྒྱ་སེ་མེ་ཏོག་བཏབ་པར་དུད་ཚང་རེར་འབབ་འཕར་སྒོར་5000ལྷག་བྱུང་ཡོད་པ་རེད། 
     གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་ཚོ་བཏོད་ཅིང་། གཅིག་ནས་ཡུལ་སྲོལ་གོམས་གཤིས་འཛུགས་སྐྱོང་ཡག་པོ་བྱས་པ་སྟེ། སྲིད་ཇུས་ཀྱི་རོགས་སྐྱོར་མ་དངུལ་སྣ་ཚོགས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱས་ཐོག་ཡུལ་སྲོལ་གྱི་ཁྱད་ཆོས་ལ་གཞིགས་ནས་གྲོང་ཚོ་འཆར་འགོད་ཞིབ་ཚགས་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། འཚོ་སྡོད་ཁོར་ཡུག་སོགས་ཀྱི་དོན་དངོས་ལ་གཞིགས་ནས་གྲོང་གསེབ་སྐྲུན་མགྱོགས་སུ་བཏང་བ་རེད། གཉིས་ནས་སྐྱེ་ཁམས་ཀྱི་མཛེས་པར་སྲུང་སྐྱོང་ཡག་པོ་བྱས་པ་སྟེ། རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་སྐོར་གཡེང་མེ་འགོག་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ནས་རང་ཉིད་ཀྱི་མིག་ཟུང་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་པ་རེད། གསུམ་ནས་གྲོང་སྲོལ་ཤེས་དཔལ་བཅོས་སྐྱོང་ཡག་པོ་བྱས་པ་སྟེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག“སྒོ་རྩའི”དམངས་ཕན་ཞབས་ཞུའི་ཕྱོགས་བསྡུས་དངོས་ཚན་གཏོད་པ་དང་། ཡ་རབས་ཀྱི་སྲོལ་གསར་ལ་བརྟེན་ནས་མི་རིགས་ཁག་གི་སྤུན་ཟླ་ཚོ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་ཁྱིམ་ཚང་གཅིག་གི་ནང་མི་ལྟར་མཉམ་དུ་བདེ་སྐྱིད་ལྡན་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པར་ཁྲིད་སྟོན་བྱས་པ་རེད།
     (འདི་ག་ཚགས་པར་གྱི《ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་སྤེལ་ཚོགས་འདུའི་གཏམ་བཤད་གཅེས་བཏུས》ནས་བདམས)