འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞིང་ཆེན་འདིའི་འགོ་ཁྲིད་ཟུར་པ་ཞིག་གི་གྱོད་གཞིར་ཁྲིམས་ར་ཚོགས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་19ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2024ལོའི་ཟླ་1ཚེས་18ཉིན། ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ངང་འཚོགས་ནས། ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཟུར་པ་ཀྲང་ཞའོ་ཕེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད།
   ཧོ་ཙེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2004ལོའི་ལོ་སྟོད་ནས་2022ལོའི་དབྱར་ཁ་བར། ཞུ་སྦྱོར་ཕྱི་མ་བ་ཀྲང་ཞའོ་ཕེ་ཡིས་ཅི་ཧྭ་ཚོགས་པ་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཅིང་ལི། ཅི་ལིན་གྲོང་ཨུད་ཀྱི་རྒྱུན་ཨུ། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། ཅི་ལིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཅི་ལིན་གྲོང་ཨུད་ཀྱི་ཧྲུའུ་ཅི། ཅི་ལིན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་སོགས་གོ་གནས་ཐད་ཀྱི་སྟབས་བདེར་བརྟེན་ནས་འབྲེལ་ཡོད་ཚན་པ་དང་སྒེར་པར་ལས་སྒོའི་འགན་གཙང་ལེན་དང་། ས་ཆར་ཞིབ་མཆན་འགོད་པ། གོ་གནས་སྤོར་བ་སོགས་ཀྱི་ཐད་རོགས་རམ་བྱས་པའམ་ཡང་ན་ཁོང་ཚོའི་གཉེན་ཉེ་བརྒྱུད་ལྐོག་རྔན་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་6934ལྷག་ཙམ་ཟིན་ཡོད། ་ལྐོག་རྔན་བླངས་པའི་ཉེས་བསགས་ལ་གཞིགས་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲང་ཞའོ་ཕེ་ཡི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རེ་བཏོན་ཡོད།
   ཁྲིམས་སའི་འདྲི་གཅོད་ཁྲོད་དུ་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་ཞིང་། ཞུ་སྦྱོར་ཕྱི་མ་བ་ཀྲང་ཞའོ་ཕེ་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་པ་དང་། རྩོད་བཤེར་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་ཞིང་། ཀྲང་ཞའོ་ཕེ་ཡིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རར་རང་ཉེས་ངོས་ལེན་དང་རང་ཉེས་འགྱོད་བཤགས་བྱས་པ་རེད།
   ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་འཇོག་རྒྱུ་དང་། དུས་བསྟུན་ཐོག་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་ཡོངས་བསྒྲགས་བྱས། 
མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། གསར་འགྱུར་འགོད་མཁན། ལས་རིགས་ཁག་གི་མང་ཚོགས་བཅས་མི་20ལྷག་ཙམ་གྱིས་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱས།