འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན།

༄༅།།བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ལམ་བུར་བསྐྱོད་དེ་རང་རྒྱལ་གྱི་
དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་པ་དང་། ཚའེ་ཆི་ཡིས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་18ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་1ཚེས་16ཉིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་བ།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅུས་ཕུང་གིས་པར་བརྒྱབ།
ཟླ་1ཚེས་16ཉིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་བ།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅུས་ཕུང་གིས་པར་བརྒྱབ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུ་ཉིད་དེང་རབས་དངུལ་རྩའི་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བསྟུན་པ་དང་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་ལ་ཁྱད་ཆོས་དེ་བས་མངོན་གསལ་དོད་ཅིང་། དེ་ཉིད་ནུབ་ཕྱོགས་ཀྱི་དངུལ་རྩའི་རྣམ་པ་དང་ངོ་བོའི་རང་བཞིན་གྱི་ཁྱད་པར་ཡོད། ང་ཚོས་གདེང་ཚོད་བརྟན་དུ་བཏང་ནས་ལག་ལེན་ཁྲོད་མུ་མཐུད་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལམ་བུ་དེ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་འགྲོ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི་བཅས་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་ཡིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པའི་དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱས་པར་བརྟེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངུལ་རྩའི་ངོ་བོར་ཤེས་རྟོགས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་དངུལ་རྩའི་ལག་ལེན་གྱི་གསར་གཏོད་དང་། རིགས་པའི་གཞུང་ལུགས་ཀྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་ཐུབ་པ་མ་ཟད། རྩ་ཆེའི་ཉམས་མྱོང་ཡང་བསགས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུར་རིམ་བཞིན་བསྐྱོད་ཡོད། འདི་ནི་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མཐའ་འཁྱོངས། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་རྩ་བའི་དམིགས་ཡུལ་དུ་བྱེད་པ་མཐའ་འཁྱོངས། ཉེན་ཁ་འགོག་ཟོན་བྱ་རྒྱུ་དེ་དངུལ་རྩའི་ལས་དོན་གྱི་ཇི་སྲིད་བར་གྱི་བརྗོད་དོན་གཙོ་བོར་བྱེད་པ་མཐའ་འཁྱོངས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ཐོག་དངུལ་རྩ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་མཐའ་འཁྱོངས། དངུལ་རྩའི་སྒོ་དབྱེ་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་པ་ལས་བྱུང་བ་ཞིག་རེད། དོན་ཚན་འདི་དག་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དངུལ་རྩའི་ལས་དོན་ལ་ཇི་ལྟར་ལྟ་དགོས་པ་དང་ཇི་ལྟར་སྒྲུབ་དགོས་པ་གསལ་པོ་བསྟན་ཡོད་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ལམ་བུའི་གཞི་རྩའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཚོན་པའི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རང་རྒྱལ་གྱི་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་ནུས་པ་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་སྒྲིག་སྲོལ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་གཟབ་ཅིང་ནན་པའི་སྒོ་ནས་དད་ལྷོད་དང་ཤུགས་ཚད་སྟངས་འཛིན་ཡག་པོ་བྱེད་དགོས། ལམ་ལུགས་ཅན་གྱི་སྒོ་དབྱེ་གཙོ་གནད་དུ་བཟུང་ནས་དངུལ་རྩའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཞུགས་འཐུས་སྔོན་གྱི་རྒྱལ་དམངས་ཐོབ་ཐང་སྟེང་བཀག་རྒྱ་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་དོན་འཁྱོལ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ཁྲོད་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་དང་ཡང་ཡང་བསྡུར་བ། ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཁུ་བསྡུ། སྒོ་དབྱེའི་སྲིད་ཇུས་ཁ་གསལ་བ་དང་། བརྟན་པོའི་རང་བཞིན། སྔོན་དཔག་རུང་བའི་རང་བཞིན་བཅས་ཆེ་རུ་གཏོང་བ། མངའ་ཁོངས་ཕྱི་རོལ་གྱི་མ་འཇོག་དང་མ་དངུལ་འདུ་གཏོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། མངའ་ཁོངས་ཕྱི་ནང་གི་དངུལ་རྩའི་ཁྲོམ་ར་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ས་ཁོངས་ལས་སྒྲོལ་བའི་མ་འཇོག་དང་མ་དངུལ་འདུ་གཏོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་ལྟ་འདོམས་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་བཅས་བྱེད་དགོས། སྒོ་དབྱེའི་ཆ་རྐྱེན་འོག་གི་དངུལ་རྩའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ཁྲིམས་སྐྱོང་དང་སྤྱོད་བཟང་གིས་སྐྱོང་བ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱས་ནས་གཞུང་དྲང་དང་ཁ་དན་ཚིག་གནས་བྱེད་པ་ལས་མཐའ་ཚད་མི་བརྒལ་བ་དང་། དྲང་བདེན་ལ་བརྟེན་ནས་ཁེ་ཕན་ཐོབ་པ་བྱེད་པ་ལས་ཁེ་བཟང་ཁོ་ནར་མི་རྔམ་པ། བརྟན་པོ་དང་གཟབ་ནན་བྱེད་པ་ལས་འཕྲལ་ཕན་འཕྲལ་གཉེར་མི་བྱེད་པ། གཞུང་འཁྱོངས་གསར་འབྱེད་བྱེད་པ་ལས་དོན་དངོས་དང་ཁ་མི་འབྲལ་བ། ཁྲིམས་དང་སྒྲིག་སྲོལ་དང་མཐུན་པ་བྱེད་པ་ལས་རང་སྣང་གང་ཤར་མི་བྱེད་པ་བཅས་བྱེད་དགོས།
   མཇུག་ཏུ། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དངུལ་རྩའི་བསམ་གཞིག་དང་དངུལ་རྩའི་ལས་ཀའི་ནུས་པ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་དངུལ་རྩའི་བསམ་ཇུས་གཅིག་གི་བསམ་བློ་མཐའ་འཁྱོངས། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན། དཔལ་འབྱོར་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་བཅས་དང་། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།
   ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་། ཁེ་ལས། མཐོ་སློབ་བཅས་བཅིངས་འགྲོལ་དམག་གི་ཚན་པ་ཁག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བགྲོ་གླེང་འཛིན་གྲྭར་ཞུགས་ཡོད་པ་རེད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་ཡོད་པ་རེད།