འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་16ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་དང་རང་འགན་ཐེག་པ་ཁུར་ལེན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བདེ་འཇགས་ཀྱི་འགན་ལེན་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ་མ་ཟད། ད་དུང་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས། རང་འགན་གཙང་སྒྲུབ་དང་རང་འགན་ཐེག་པ་ཁུར་ལེན་བཅས་བྱས་ཏེ། སྲིད་ཁྲིམས་ལས་དོན་དེང་རབས་ཅན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བདེ་འཇགས་ཀྱི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་བཏང་ནས་བདེ་འཇགས་ཐད་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་དགོས་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། མི་དམངས་ནང་ཁུལ་གྱི་འགལ་ཟླ་ཡང་དག་སེལ་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས་པ། སྤྱི་ཚོགས་དྲང་བཞག་དྲང་བདེན་ལ་འགན་ལེན་དང་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ཆ་འགྲིག་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་དོན་འཁྱོལ་བཅས་བྱེད་དགོས་པ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དམག་ཧྲག་ཅིག་གཏོད་དགོས་པ་བཅས་རེད།
    ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་ཚེས་13དང་ཚེས་14ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་ལ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་བཅས་བྱས་ཏེ་ཉམས་སད་ཐེག་པའི་སྲིད་ཁྲིམས་ཀྱི་དམག་ཧྲག་ཅིག་གཏོད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པའི་ཆབ་སྲིད་ཆེ་ཤོས་འདིར་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་དུས་རབས་ཀྱི་ཁ་ཕྱོགས་ཁོང་དུ་གསལ་པོ་ཆུད་པར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་འགན་ལེན་དང་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་ཤུགས་བརྒྱབ་སྟེ། སྲིད་ཁྲིམས་ལས་དོན་གྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།
   ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་ཚོགས་འདུར་ཞུགས་པ། ཚོགས་འདུ་དེ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།