འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།ཞི་ཅིན་ཕིང་གིས་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཏེ་ཁེ་ལུའོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་14ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་1ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཏེ་ཁེ་ལུའོ་དང་མཇལ་འཛོམས་གནང་བ།
ཟླ་1ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཏེ་ཁེ་ལུའོ་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པེར་ཀྲེམ་གྱི་དབུ་བཞུགས་བློན་ཆེན་ཏེ་ཁེ་ལུའོ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པེར་ཀྲེམ་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་དང་པེར་ཀྲེམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་53སོང་རིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། ཀྲུང་གོ་དང་པེར་ཀྲེམ་ནི་དཔལ་འབྱོར་གོ་ལ་ཅན་གྱི་ཕན་པ་ཐོབ་མཁན་ཡིན་པས་སྲུང་སྐྱོང་རིང་ལུགས་བཀག་འགོག་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་ཡོངས་བསྒྲགས་སུ“འབྲེལ་གཅོད་ཕྲེང་གཏུབ”ལ་ངོ་རྒོལ་ཐེངས་མང་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་པེར་ཀྲེམ་གྱི་ཁེ་ལས་ཀྲུང་གོར་མ་འཇོག་ལས་དར་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་འདོད་ཡོད་ལ། པེར་ཀྲེམ་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཡོངས་བསྒྲགས། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བའང་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་ཟོག་འགྲེམས་དང་སྐྱེ་དངོས་སྨན་རྫས་ཐོན་སྐྱེད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ལྗང་མདོག་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་འཚོལ་ཞིབ་བྱས་ནས་གཏོད་ཆོག ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཚན་དང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་ཞིང་ཆེན་དང་གྲོང་ཁྱེར་བཅས་དབར་གྱི་འགྲོ་འོང་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཡུལ་སྐོར་དང་ཕྱི་སྦྱོང་སློབ་མའི་དབར་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། རིག་གནས་བྱེད་སྒོ་ཆེ་གྲས་སྤེལ་རེས་བྱེད་པ། དོམ་ཁྲར་སྲུང་སྐྱོང་དང་ཞིབ་འཇུག་བྱེད་པ། ཕན་ཚུན་ཤེས་རྟོགས་དང་དམངས་ཁྲོད་ཀྱི་མཛའ་མཐུན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་པེར་ཀྲེམ་དབར་གྱི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་པ་དང་མདུན་ལམ་གསར་པ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་པེར་ཀྲེམ་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་སོགས་ཀྱི་གྲོས་གཞིར་མཉམ་ལས་བྱེད་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་ཡུན་རིང་བརྟན་པོ་ཡོང་བར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་དེ་ཀྲུང་གོའི་མཉམ་ལས་རོགས་ཟླར་བརྩི་གི་ཡོད། ཡོ་རོབ་འདི་ཉིད་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ནུས་པ་ཧུར་ཐག་འདོན་པའི་རེ་བ་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་མདུན་དུ་ཀྲུང་གོ་དང་ཡོ་རོབ་དབར་ལ“འབྲེལ་ཟམ”དེ་བས་མང་བ་སྐྲུན་དགོས། ཕྱོགས་གཉིས་པོས་མཉམ་ལས་དེ་བས་དམ་ཟབ་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ལོ་གསར་པར་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ལ། པེར་ཀྲེམ་འདི་ཉིད་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད།
     ཏེ་ཁེ་ལུའོ་ཡིས་གསུངས་དོན། པེར་ཀྲེམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕྱོགས་མང་པོའི་ཐད་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། པེར་ཀྲེམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་མུ་མཐུད་དུ་བརྩི་སྲུང་ཞུ་གི་ཡིན། པེར་ཀྲེམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་དང་བསམ་ཤེས་གཏིང་ཟབ་བྱས་ནས། ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་ཏུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། པེར་ཀྲེམ་ཕྱོགས་ཀྱིས“འབྲེལ་གཅོད་ཕྲེང་གཏུབ”ལ་ངོ་རྒོལ་བྱས་ནས་ཀྲུང་གོའི་ཁེ་ལས་པེར་ཀྲེམ་དུ་ཡོང་ནས་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ལོ་བཅུའི་གོང་ཀྲུའུ་ཞི་ཞི་ཅིན་ཕིང་པེར་ཀྲེམ་དུ་འཚམས་འདྲི་གནང་རིང་པུའུ་ལུའུ་རི་གྲོང་ཁྱེར་དུ་ངོ་མཚར་ཆེ་བའི་གཏམ་བཤད་གནང་ཞིང་། གཏམ་བཤད་ནང་གི“སྦྲེལ་ཟམ”སྐོར་གྱི་གསོན་ཉམས་དོད་པའི་རྒྱས་བཤད་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། དེང་སྐབས་འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་འོག་འཛམ་གླིང་ལ་ཀྲུང་གོ་དང་ཡོ་རོབ་གཉིས་ཀྱིས་ལག་གདང་སྦྲེལ་བའི་རོགས་ཟླ་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། དེ་བས་བརྟན་ལྷིང་གི་འཛམ་གླིང་སྐྲུན་པ་སོགས་ཀྱི་ཁྱབ་ཁོངས་ཆེན་པོའི་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་པེར་ཀྲེམ་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ནུས་པ་ཧུར་ཐག་འདོན་འདོད་ཡོད། ང་རང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་འདིས་པེར་ཀྲེམ་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་ཕན་པ་འཐོབ་རྒྱུའི་རེ་བ་ཡོད།
     (རིག་རྡོར་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)